དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོར།

    ཐོན་ལས་གསེར་གྱི་ལྡེ་མིག་གིས། འབྱོར་ཕྱུག་འཚོ་བའི་སྒོ་མོ་ཕྱེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

    ཞོགས་པའི་ཉི་འོད་བོད་ཤར་རྒྱུད་ཀྱི་ལུང་གཞུང་དུ་འཕྲོ་སྐབས་གསར་འགོད་པ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོར་འབྱོར། རི་འདབས་སུ་ལྗང་གསོའི་རྟེན་གཞིའི་དྲོད་ཁང་ཆེ་མོའི་ནང་ཡུག་གཅིག་ཏུ་བཏབ་པའི་སུར་པན་གྱི་སྐྱེས་ཚར་ལེགས་ཤིང་། རི་སྐེད་དུ་གསར་དུ་བསྐྲུན་པའི་སུར་པན་ལས་སྣོན་འཁོར་ཁང་གི་འཕྲུལ་འཁོར་ནས་འཁོར་སྐྱོད་ཀྱི་སྒྲ་གྲགས་འོང་།

    ས་མཐོའི་སུར་པན་ཆུང་ཆུང་དེ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི“འགུ་རོའི”སྲེག་ཟས་ལས་སྐད་གྲགས་ཆོད་ཅིང་། སྔོན་ཐོན་གྱི་ཚན་རིག་དང་མཐུན་པའི་འདེབས་གསོ་དང་། ཚད་ལྡན་ཅན་གྱི་དྲོད་ཁང་ཆེ་མོའི་འདེབས་འཛུགས། བཟོ་གྲྭའི་ལས་སྣོན་ཞིབ་ཚགས་བཅས་ལས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་རེ་བ་ཡོངས་སུ་བསྐངས།

    དེ་གོང་དུས་ཡུན་རིང་པོ་ཞིག་རིང་ས་གནས་དེ་གའི་སུར་པན་འདེབས་འཛུགས་ཐད་གཅིག་གྱུར་གྱི་འཆར་འགོད་མེད་པ་དང་། ཞིང་དུད་སོ་སོས་ཁྱིམ་ནས་བཟོ་བ། ཐོན་སྐྱེད་ལས་སྣོན་གྱི་མ་གནས་མཐོ་བ། ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་མེད་པ་བཅས་ལས་ཚོང་ལམ་ལ་ཚོད་འཛིན་ཐེབས་ཡོད། རྒྱ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་བློ་གྲོས་ཀྱིས་གསར་འགོད་པར“དེ་སྔ་ཞིང་དུད་ཀྱིས་སུར་པན་ཐར་ཐོར་བཏབ་པར་སོན་བཟང་གི་འདེགས་སྐྱོར་མེད་པ་དང་གཅིག་གྱུར་གྱི་ཚོང་རྟགས་དང་སྤུས་རྟགས་མེད་པས། ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་བརྩིས་ནས་འཚོང་སྐབས། ཐོན་རྫས་ཀྱི་ཚོང་ལམ་དང་བཟའ་བཅའི་བདེ་འཇགས་ལ་འགན་ལེན་མེད”ཅེས་བཤད།

    འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། རྒྱ་གླིང་གྲོང་ཚོས་མཐའ་འཁོར་གྱི་རྐོ་ཆོ་དང་གཡོ་མདའ་གྲོང་ཚོ་དང་མཉམ་དུ་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་210བརྩོན་ལེན་བྱས་ནས་ཚད་ལྡན་ཅན་གྱི་སུར་པན་ལས་སྣོན་བཟོ་གྲྭ་བཙུགས་པ་རེད།

    གྲོང་ཚོས་གཅིག་གྱུར་ཐོག་སུར་པན་གྱི་སོན་དང་སྐྱེ་ལྡན་ལུད་རིན་མེད་ངང་སྤྲད་པ་དང་། ལས་སྣོན་བཟོ་གྲྭས་སུར་པན་སོས་པ་ཚང་མ་བསྡུ་ཡི་ཡོད་པས་ཞིང་དུད་ཀྱི་བྲིན་ཚོང་ཐད་ཀྱི་སེམས་ཁྲལ་རྦད་དེ་བསལ་བ་རེད། “ནས་མུའུ་གཅིག་བཏབ་པར་ལོར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཟིན་གྱི་ཡོད་པ་དང་སུར་པན་མུའུ་གཅིག་བཏབ་པར་ཡོང་འབབ་སྒོར་བརྒྱད་སྟོང་ནས་ཁྲི་གཅིག་དང་ཉིས་སྟོང་བར་ཡོང་གི་ཡོད” དུས་ཐུང་ལོ་ཤས་རིང་སུར་པན་དམར་པོ་ཆུང་ཆུང་དེ་དག་གྲོང་ཚོ་ཡོངས་ཀྱི་ཕྱུག་འགྱུར་ཀ་རྟེན་ཐོན་ལས་སུ་གྱུར་ཡོད་ཅེས་འཇམ་དབྱངས་བློ་གྲོས་ཀྱིས་ངོ་སྤྲོད་བྱས།

    “ལས་སྣོན་བཟོ་གྲྭའི་གཉེར་སྐྱོང་བྱེད་པོ་ནི་རྒྱ་གླིང་གྲོང་ཚོ་དང་གྲོང་རྡལ་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་མཉམ་ལས་ཁང་གཞན་11གིས་མཉམ་དུ་བཙུགས་པའི་ཚོང་དོན་ཚད་ཡོད་ཀུང་སི་ཡིན་པ་དང་ཡུལ་མི་ཚང་མ་ཁེ་ལས་ཀྱི་རྐང་བདག་རེད། ད་ཆ་ལས་སྣོན་བཟོ་གྲྭར“འགུ་རོ”ཚོང་རྟགས་དང་བཟའ་བཅའི་ཐོན་སྐྱེད་ཆོག་འཐུས་ཐོབ་ནས་བཟོ་ཁང་ཆུང་ངུའི་རྣམ་པ་རྦད་དེ་མཇུག་འགྲིལ་ཡོད་ཅེས་འཇམ་དབྱངས་བློ་གྲོས་ཀྱིས་ངོ་སྤྲོད་བྱས།

    བཟོ་གྲྭའི་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་ནས་དྲ་ཐོག་ནས་ལྷ་ས་དང་ཆབ་མདོའི་ས་ཁོངས་ཧྲིལ་པོར་ཕྱིར་ཚོང་བྱེད་པ་དང་། དྲ་ཕྱི་ནས་ས་གནས་དེ་གའི་སྒོ་རྩིས་ཚོང་ཁང་དུ་འཚོང་བ་དང་ཆབ་མདོ་གྲོང་ཁྱེར་གྱི་ཆུས་དང་རྫོང་ཚང་མར་མཉམ་ལས་ལས་ཚབ་ཚོང་པ་ཡོད་པའི་ཁར་ལྷ་ས་གྲོང་ཁྱེར་གྱི་བསྲེགས་ཟས་ཟ་ཁང་མང་པོ་ཞིག་གིས་ཀྱང་ཡུན་རིང་གནས་གཏན་འཁེལ་གྱིས་ཉོ་སྒྲུབ་བྱེད་ཀྱི་ཡོད།

    དེ་དང་ཆབས་ཅིག རྒྱ་གླིང་གྲོང་ཚོས་སུར་པན་ཐོན་ལས་འཁོར་འབྲེལ་གྱི་རྒྱུན་རྣམ་ཅན་གྱི་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་འདེབས་འཛུགས་ཀྱི་དོ་དམ་སྲུང་སྐྱོང་དང་། བཟའ་བཅའ་ལས་སྣོན། དྲ་ཐོག་ཚོང་དོན་ཐད་གཏོང་། བཟའ་བཅའི་བདེ་འཇགས་སོགས་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ས་གནས་དེ་གའི་ཞིང་འབྲོག་པའི་ཐད་གཏོང་དཔུང་ཁག་གཙོ་གནད་ཐོག་སྐྱེད་སྲིང་བྱས་ནས་ཞིང་དུད་ཀྱི་འབབ་འཕར་དང་། ཚོང་དུད་ཀྱི་ཁུར་པོ་ཡང་དུ་གཏོང་བ། མཉམ་སྡེབ་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱས་ཡོད། ད་ཆ་གཞོན་ནུ་དེ་བས་མང་བས་གྲོང་ཚོར་ལོག་ནས་ལས་ཀ་བྱེད་པ་དང་ལས་གཏོད་ནང་ཞུགས་ཤིང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཕྱིར་ལས་ཀར་འགྲོ་མི་དགོས་པར་ཐག་ཉེ་སར་ལས་ཞུགས་ཐུབ་ཀྱི་ཡོད།

    འཇམ་དབྱངས་བློ་གྲོས་ཀྱིས་གོམ་སྟབས་རྗེས་མར་གྲོང་ཚོས་ད་དུང་འདེབས་འཛུགས་རྟེན་གཞི་རྒྱས་སྐྲུན་དང་ཞིབ་སྦྱོང་གི་དམངས་སྲོལ་གནས་ཚང་གསར་དུ་བཙུགས་ནས། སུར་པན་ཞིང་རའི་མཛེས་ལྗོངས་དང་ལས་སྣོན་ཉམས་ལེན་འཁོར་ཁང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཁྱད་ལྡན་ལག་རྟགས་ཆུང་ངུ་རབ་དང་རིམ་པ་གསར་སྤེལ་བྱས་ནས“ཐོན་ལས་གསུམ་པའི”མཉམ་འདྲེས་སྦྲེལ་ལམ་སྔར་བས་ཆེ་རུ་གཏོང་གི་ཡིན་ཞེས་བཤད།

    ལུང་གཞུང་གི་དགའ་འོས་པའི་སུར་པན་གྱི་སྐྱེ་འཚར་བཟང་པོ་ལས་མི་རིགས་ཁག་གི་མང་ཚོགས་ཚོས་སེམས་མཐུན་མཉམ་སྐྲུན་བྱེད་པའི་མཐུན་སྒྲིལ་གྱི་རྣམ་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གླིང་གྲོང་ཚོས་དུས་བཀག་ལྟར་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་དང་། བོད་རིགས་ཡུལ་མི། རྒྱ་རིགས་ལས་ཞུགས་པ། ཚོང་དུད་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ་ཐོན་ལས་འཆར་འགོད་དང་། འདེབས་འཛུགས་གཞི་ཁྱོན། ལས་སྣོན་བཟོ་རྩལ། ཚོང་ལམ་རྒྱ་སྐྱེད་སོགས་ཀྱི་ལས་དོན་ལ་མཉམ་དུ་གྲོས་བསྡུར་བྱས་ཤིང་། ཏང་ནང་ཞུགས་ནས་ལོ་40ལྷག་ཙམ་སོང་བའི་རྒྱ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བྱམས་པ་ཚེ་རིང་གིས“དེ་སྔ་རྒྱ་རིགས་གྲོགས་པོས་སུར་པན་འདེབས་སྟངས་སློབ་ཀྱི་ཡོད་པ་དང་། ད་ཆ་རྒྱ་རིགས་དང་བོད་རིགས་ཀྱི་ཡུལ་མི་ཚོས་མཉམ་དུ་སུར་པན་འདེབས་པ་དང་། བཟོ་གྲྭ་གཉེར་བ། ཡོང་འབབ་བགོ་བ་བཅས་བྱེད་ཀྱི་ཡོད། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཚེ་སུར་པན་གྱི་ཐོན་ལས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་ངེས་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།

    (《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་སྤེལ་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།