དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རི་ཁུལ་གྱི་གཞུང་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། འབྲུབ་དུས་སུ་སླེབས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་ས་མཐོའི་རི་ཁུལ་གྱི་གཞུང་ལམ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་17གྱི་རང་བྱུང་གནོད་འཚེ་ཁག་39ཐག་གཅོད་ནུས་ལྡན་བྱས་ནས་གཏོར་སྐྱོན་བྱུང་བའི་ལམ་དུམ་ཚང་མ་མྱུར་བཟོ་བྱས་ནས་སླར་གསོ་ཐུབ་པ་རེད། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1.7ལྷག་ཙམ་ལ་སྐོར་བཤེར་བྱས་པ་དང་། ཉེན་ཁ་ཆེ་བའི་ལམ་དུམ་70ལྷག་ཙམ་ལ་དོ་དམ་ཚོད་འཛིན་བྱས་པ། འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་90ལྷག་ཙམ་ལ་བཅོས་སྒྲིག་བྱས་པ་རེད།

    མཚོ་སྔོན་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་འབྲུབ་དུས་ཀྱི་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་རེད། “ཆར་པ་མ་བབས་གོང་གྲལ་བཤེར་དང་། ཆར་པ་བབས་རིང་སྐོར་བཤེར། ཆར་པ་བབས་རྗེས་བསྐྱར་བཤེར” བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ་མཐོ་ས་དང་རི་ལྡེབས་དང་། ཟམ་པ་དང་ཕུག་ལམ། ཆུ་འཁྱིལ་སླ་བའི་ལམ་དུམ་བཅས་ལ་དམིགས་ནས་སྐོར་བཤེར་ཐེངས་མང་བྱས་ཡོད། གྲོང་གསེབ་ཀྱི་གཞུང་ལམ་ཀྱག་ཀྱོག་མང་ལ་གཟར་བ་དང་། ཆུ་ཁ་དང་གཡང་སར་གནས་པ། བདེ་འཇགས་འགོག་སྲུང་བྱེད་ཚད་མི་འདང་བ་སོགས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཐོག མངོན་མེད་རྐྱེན་ངན་གྱི་གནད་དོན་དང་། འགན་འཁྲི་དོན་འཁྱོལ། དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསལ་ཐོ་གསུམ་བཟོས་ནས་རྩིས་ཁྲ་ཅན་གྱི་བཀག་སྡོམ་ཐོ་སུབ་དོ་དམ་ལག་བསྟར་བྱས་པ་རེད། གཞུང་ལམ་ཨ་མའི་གནོད་འཚེའི་ཉེན་ཁའི“གསལ་ཐོ་གཅིག”སྟབས་བསྟུན་གསར་བརྗེས་བྱས་ཏེ། གནོད་འཚེ་ཐོན་ཉེན་ཆེ་བའི་མངོན་མེད་རྐྱེན་ངན་ཡོད་ས་4017ལ་རེ་རེ་བཞིན་དུ་བསྐྱར་བཤེར་བྱས་ནས་ཉེན་ཁ་སྔ་ཙམ་ཤེས་རྟོགས་དང་། ཉེན་བརྡ་སྔ་ཙམ་གཏོང་བ། ཐག་གཅོད་སྔ་ཙམ་ཐུབ་པ་བཅས་བྱས་ཡོད།

    མིག་སྔར་གཞུང་ལམ་གྱི་གཟར་ངོས་16ཏུ་ལྟ་ཞིབ་ཚད་ལེན་མ་ལག་སྒྲིག་ཆས་བསྒར་བ་དང་ལས་སྟེགས་བསྐྲུན་ཟིན་ནས་གྲངས་གཞི་བརྒྱུད་གཏོང་དང་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ཡོངས་སུ་བསྐྲུན་ཟིན་རྗེས་ཞིང་ཆེན་རིམ་པའི་ལྟ་ཞིབ་ཚད་ལེན་ལས་སྟེགས་དང་འབྲེལ་མཐུད་ཐུབ་ནས་རི་ཉིལ་བའི་ཉེན་ཁ་དང་ཆར་པ་འབབ་ཚད་སོགས་ཀྱི་འགག་རྩའི་གྲངས་གཞིར་དུས་ཐོག་ཏུ་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།