ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བསྐྱོད་པ།
པེ་ཅིང་གི་སྐོར་ལམ་གསུམ་པའི་བྱང་ངོས་ཀྱི་ཧོང་སི་ཁྲོམ་གཞུང་གི་སྒོ་རྟགས་ཨང་11པ་ནི་ལྟ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་འགུག་པའི་ཤིས་ཧོང་དགོན་རྟེན་མཛོད་ཁང་རེད་ལ། བོད་བརྒྱུད་ནང་བསྟན་གྱི་དེང་རབས་སློབ་གསོའི་སློབ་གྲྭ་མཐོ་ཤོས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གནས་ཡུལ་ཡང་རེད།
མི་རིང་བའི་གོང་དུ་དེ་གར་སླར་ཡང་ལོ་གཅིག་གི་སློབ་ཐོན་དུས་ཚིགས་ཤར་ཞིང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་དགེ་ལུགས་པ་དང་། ས་སྐྱ་པ། ཇོ་ནང་པ་བཅས་ནས་ཡིན་པའི་སློབ་གཉེར་བ་34སློབ་གླིང་དུ་སློབ་སྦྱོང་ལོ་གསུམ་བྱས་རྗེས་ཐོབ་ཐང་ལ་ཞིབ་བཤེར་དང་། རྟགས་གསལ་གཏོང་བ། དཔྱད་རྩོམ་རྩོད་རྒྱུགས་སོགས་ཀྱི་ཡིག་རྒྱུགས་འཕྲོད་ནས། བོད་བརྒྱུད་ནང་བསྟན་གྱི་འབུམ་རམས་པའི་མཚན་གནས་ཏེ་མཐོ་རམས་པའི་མཚན་གནས་ཐོབ་པ་རེད།
མཐོ་རམས་པ་ནི་བོད་བརྒྱུད་ནང་བསྟན་དེང་རབས་སློབ་གླིང་གི་སློབ་གསོའི་མ་ལག་ཁྲོད་ཀྱི་མཚན་གནས་མཐོ་ཤོས་དེ་རེད། ལོ་མང་རིང་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད། རང་རྒྱལ་གྱིས་ཆ་ཚང་ལ་ཚད་དང་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་མཚན་གནས་ལམ་ལུགས་ཤིག་བཙུགས་ཡོད་པ་དང་། དམའ་རིམ་གྱི་མཚན་གནས་ལ“ཕྲན་རམས་པ”དང་། འབྲིང་རིམ་གྱི་མཚན་གནས་ལ“འབྲིང་རམས་པ” མཐོ་རིམ་གྱི་མཚན་གནས་ལ“མཐོ་རམས་པ”བཅས་ཟེར་ཞིང་། 《ཆོས་ལུགས་སློབ་གླིང་གི་མཚན་གནས་སྤྲོད་པའི་བྱ་ཐབས》ནང་གི་སློབ་རམས་པའི་མཚན་གནས་དང་། ཤེས་རམས་པའི་མཚན་གནས། འབུམ་རམས་པའི་མཚན་གནས་བཅས་དང་མཉམ་གྱི་ཡོད་པ་རེད།
《བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་པའི་བྱ་ཐབས》གཞིར་བཟུང་། “མཐོ་རམས་པའི”མཚན་གནས་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྤྲོད་པ་དང་མཚན་གནས་མཐོ་ཤོས་དེ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་ཁྱབ་པའི་ལོ་གསུམ་ལམ་ལུགས་ཀྱི་མཐོ་རིམ་གྱི་མཚན་གནས་སྤྲོད་པའི་འཛིན་གྲྭ་འཛུགས་རྒྱུ་གཙོ་བོར་བྱེད་པ་དང་། མིག་སྔར་སློབ་གླིང་དུ་སློབ་མ་110ཙམ་ཡོད་པ་དང་། གྲུབ་མཐའ་ཁག་ནས་བདམས་པའི་ཕུལ་དུ་བྱུང་བའི་དཔེ་ཆའི་དགེ་རྒན་གྱིས་སློབ་གླིང་དུ་ཆོས་ལུགས་ཀྱི་ཆེད་ལས་སློབ་ཚན་ཁྲིད་པ་དང་སྦྲགས། ཆེད་ལས་དང་གཅིག་ལྕོགས་ཟུང་འབྲེལ་དང་བྱང་ཚད་མཐོ་བའི་སྤྱི་པའི་སློབ་ཚན་དགེ་རྒན་གྱི་དཔུང་ཁག་ཅིག་བཙུགས་ཡོད་པ་རེད།
བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དག་ཇི་ལྟར་བྱས་ནས་སློབ་གྲྭ་མཐོ་ཤོས་དེར་སློབ་གཉེར་ཟབ་སྦྱོང་བྱེད་པར་བསྐྱོད་ཐུབ་བམ་ཞེ་ན།
“སློབ་གླིང་གི་སློབ་མ་བསྡུ་ཡུལ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲིང་རམས་པའི་མཚན་གནས་ཐོབ་མཁན་དང་ཕྱོགས་བསྡུས་བྱང་ཚད་ཅུང་མཐོ་བའི་དགོན་སྡེའི་དཔེ་ཆ་བ་ཡིན”ཞེས་སློབ་གླིང་གི་སྤྱི་པའི་སློབ་ཚན་དགེ་རྒན་ཀླུ་རྒྱལ་ཚེ་རིང་གིས་བརྗོད། ཁོང་གིས། སློབ་གླིང་དུ་རྒྱུགས་སྤྲོད་མཁན་དགེ་འདུན་པས་ངེས་པར་དུ་ཁོངས་གཏོགས་ཀྱི་དགོན་སྡེའམ་ཡང་ན་ནང་བསྟན་སློབ་གླིང་དུ་ཐོས་བསམ་སློབ་གཉེར་ལོ་10ལྷག་ཙམ་བྱེད་དགོས་པ་མ་ཟད། སློབ་གཉེར་བའི་ཁྲོད་ནས་གྲུབ་འབྲས་རྩེར་སོན་དང་། ཀུན་ལས་ལྷག་པ། ཀུན་སྤྱོད་ལེགས་པ་བཅས་ཡོང་བ་བྱས་ནས། མཐར་ཡིག་རྒྱུགས་དང་རྟགས་གསལ་གཏོང་བ་སོགས་ཀྱི་གདམ་གསེས་ཡིག་རྒྱུགས་བཏང་སྟེ་རྒྱུགས་འཕྲོད་རྗེས་གཞི་ནས་སློབ་གྲྭ་མཐོ་ཤོས་འདིར་ཡོང་ཐུབ་ཅེས་བརྗོད།
ཁེ་ལས་ལ་ལྟ་སྐོར་དུ་ཕྱིན་ནས་ས་གནས་ས་ཐོག་གི་སློབ་ཁྲིད་ཉན་པ་ལས་བོད་ལྗོངས་པ་སྣམ་རྫོང་ནས་ཡིན་པའི་སློབ་གཉེར་བ་ལྷག་པ་དབང་འདུས་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས“ཁེ་ལས་ཀྱི་དེང་རབས་ཐོན་སྐྱེད་བྱེད་སྟངས་ལས་ང་ལ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཚོར་སྣང་བྱུང་། ཁེ་ལས་ཀྱིས་འབད་འབུངས་ཡར་བརྩོན་དང་གསར་གཏོད་བྱེད་པ། དངོས་སྒྲུབ་རྒྱལ་དར་བཅས་ཀྱི་སྙིང་སྟོབས་ཀྱིས་ང་ལ་དུས་བསྟུན་འཕེལ་རྒྱས་ཀྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྐོར་ལ་ཤེས་རྟོགས་དང་སྤྱི་ཚོགས་ནང་ཧུར་ཐག་ཞུགས་པར་སྐུལ་མ་ཐེབས་བྱུང”ཞེས་བཤད།
“ཁྲེང་ཏེ་རུ་ས་གནས་ས་ཐོག་གི་སློབ་ཁྲིད་ལས་ངས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་དང་གོང་བུ་འགྲིལ་ཤུགས་ཀྱི་ནང་དོན་ནི་སྣ་མང་དོར་བ་ཞིག་གཏན་ནས་མིན་པར་སྣ་མང་ལ་བརྩི་འཇོག་དང་མཉམ་འདྲེས་བྱས་པ་ཞིག་ཡིན་པ་ཤེས་བྱུང”ཞེས་སློབ་གཉེར་བ་བསོད་ནམས་ཚེ་རིང་གིས་བརྗོད། ཁོང་གིས། སླད་ཕྱིན་ངས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་བརྟན་པོར་བསྲུངས་ནས། རྒྱལ་ཁབ་དང་བློ་སེམས་གཅིག་མཐུན་དང་སྤྱི་ཚོགས་དང་ཁ་ཕྱོགས་གཅིག་མཐུན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།
ནང་བསྟན་གྱི་བསྟན་དོན་ཤེས་དགོས་ལ་དུས་རབས་ཀྱི་བླང་བྱ་དང་ཡང་འཚམ་པར་བྱེད་དགོས། བློ་སྦྱོང་སྡོམ་སྲུང་བྱེད་དགོས་ལ་རྒྱལ་བབ་དང་དྲང་བདེན་དེ་བས་ཤེས་དགོས།
“ཚེ་གང་ཐོས་བསམ་སྒོམ་གསུམ་ལ་གཞོལ་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ”དང“དུས་རབས་གསར་པའི་བྱང་ཚད་མཐོ་བའི་དགེ་འདུན་པ་ཞིག་ཧུར་ཐག་བྱེད་དགོས”ཞེས་མི་རིང་བའི་གོང་དུ་སློབ་གླིང་གིས་འཚོགས་པའི་2023ལོའི་མཐོ་རིམ་མཚན་གནས་འཛིན་གྲྭའི་སློབ་ཐོན་མཛད་སྒོའི་ཐོག དགེ་རྒན་ཚོས་བོད་ལྗོངས་སོགས་སུ་སྐྱོད་ཉེར་ཡོད་པའི་མཐོ་རམས་པའི་མཚན་གནས་ཐོབ་མཁན་ཁག་གསར་པར་སྐུལ་ལྕག་དང་རེ་བ་བཏོན་ཡོད་པ་རེད།
“ད་ལོ་བར་སློབ་གླིང་གིས་རིམ་རྩིས་བརྒྱབ་ན་མཐོ་རིམ་མཚན་གནས་སྤྲོད་པའི་མཛད་སྒོ་སྐབས་22འཚོགས་པ་དང་། སློབ་ཐོན་སློབ་མ་433ལ‘མཐོ་རམས་པའི’མཐོ་རིམ་མཚན་གནས་ཐོབ་ཡོད”ཅེས་ སློབ་གླིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད། ཁོང་གིས། རིམ་གསུམ་མཚན་གནས་ལམ་ལུགས་ཀྱིས་གྲུབ་མཐའ་ཁག་གི་དཔེ་སྦྱོང་དང་སློབ་གནས་ལམ་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་དང་རྒྱུན་འཛིན་གང་ལེགས་བྱས་ཡོད་ལ། དེང་རབས་སློབ་གནས་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་ཀྱང་བསྡུ་ལེན་བྱས་པས་དེར་མཐུན་སྒྲིལ་དང་། ཡར་ཐོན། དམངས་གཙོ། ཞི་མཐུན་བཅས་ཀྱི་ཁྱད་ཆོས་ལྡན་པས། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དཔེ་སྦྱོང་ལམ་ལུགས་ཀྱི་སྒྱུར་བཅོས་གསར་གཏོད་གལ་ཆེན་ཞིག་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ཅེས་བརྗོད།
འཕེལ་རྒྱས་ལོ་20ལྷག་ཙམ་ཕྱིན་པ་བརྒྱུད“མཐོ་རམས་པའི”མཐོ་རིམ་མཚན་གནས་དེ་བོད་བརྒྱུད་ནང་བསྟན་ལས་རིགས་སུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ནུས་སྔར་བས་ཇེ་ཆེར་ཕྱིན་ཡོད་པ་རེད།
བྱང་ཚད་མཐོ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་འབོར་ཆེན་ཞིག་ལ་མཐོ་རམས་པའི་མཐོ་རིམ་མཚན་གནས་ཐོབ་ནས་ས་གནས་དང་དགོན་སྡེར་ལོག་རྗེས། ལ་ལས་དགོན་སྡེའི་དཔེ་ཆའི་དགེ་རྒན་བྱས་ནས་རྒྱལ་སྐྱོང་འགྲོ་ཕན་དང་བྱམས་དང་སྙིང་རྗེའི་བསམ་བློ་དར་སྤེལ་གཏོང་བ་དང་། ལ་ལས་དགོན་སྡེའི་དམངས་གཙོའི་དོ་དམ་ལས་ཁུངས་སུ་ལས་འགན་ཁུར་ནས་དགོན་སྡེའི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། ཚད་ལྡན་དུ་གཏོང་བར་ཧུར་ཐག་གཞོལ་བ། ལ་ལས་རིམ་ཁག་སྲིད་གྲོས་དང་ནང་བསྟན་མཐུན་ཚོགས་སུ་རང་འགན་གཙང་སྒྲུབ་བཅས་བྱས་པར་དགོན་སྡེ་དང་དད་ལྡན་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཡོངས་ཁྱབ་སུ་ཐོབ་ཡོད་པ་རེད།
ད་ཆ་མཐོ་རམས་པ་དག་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།