ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོས་ཀྲུང་གོའི་དཔལ་འབྱོར་གྱི་ལོ་ཕྱེད་སྙན་ཞུར་དོ་ཁུར་བྱེད་པ།
ཀྲུང་གོའི་དཔལ་འབྱོར་ལ་སྙུགས་ཤེད་ཆེན་པོ་ལྡན་པ།
ཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་2026ལོའི་ཀྲུང་གོའི་དཔལ་འབྱོར་གྱི་ལོ་ཕྱེད་སྙན་ཞུ་ལས་མངོན་པར། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་69.6ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་4.7%འཕར་བ་དང་། དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་3.6ཟིན་པ་དེ་ཉེ་བའི་ལོ་ལྔའི་རིང་གི་དུས་མཚུངས་ཀྱི་འཕར་ཚད་མཐོ་ཤོས་ཡིན་པ་རེད། ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་ཀྲུང་གོའི་དཔལ་འབྱོར་ལ་སྙུགས་ཤེད་ཆེན་པོ་ལྡན་པ་དང་། ལག་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར་བྱས་པ་ལས་དཔལ་འབྱོར་འཕར་བའི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་འཕེལ་ཏེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཕ་ཁི་སི་ཐན་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཡོངས་བསྒྲགས་བྱས་པའི་དཔལ་འབྱོར་གྱི་གྲངས་གཞི་གསར་ཤོས་ལས་ཀྲུང་གོའི་དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་མངོན་ཡོད། ཀྲུང་གོའི་བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་འཕར་བ་དང་། ཕྱི་ཕྱོགས་ཚོང་དོན་འཕར་ཚུལ་ལེགས་པ། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་སྙུགས་ཤེད་ཆེན་པོ་མངོན་ཡོད་ཅེས་བརྗོད་པ་རེད།
འཇར་མན་གྱི《ཚོང་འཕྲིན》ཐོག་གནས་ཚུལ་སྤེལ་བའི་ནང་། ལོ་སྟོད་དུ་ཀྲུང་གོའི་ནུས་གསར་རླངས་འཁོར་དང་འཕྲུལ་མི་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། 3Dཔར་འདེབས་སྒྲིག་ཆས་དང་། ལིས་གློག་རྫས། བཟོ་ལས་འཕྲུལ་མིའི་ཐོན་རྫས་སོགས་ཀྱི་ཐོན་འབོར་འཕར་བ་ལས་ཀྲུང་གོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་ཐུབ་པ་མཚོན་ཡོད་ཅེས་བརྗོད་པ་རེད།
ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིའི་དྲ་ཚིགས་ཀྱིས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་དངུལ་ཁང་གི་རྒྱལ་སྤྱིའི་དཔལ་འབྱོར་གཙོ་གཉེར་བ་ཨའེ་ལི་ཨའོ་ཐེ·ཁེ་ལ་ཁེ་ཡི་དབྱེ་ཞིབ་བྱས་འབྲས་དྲངས་ནས། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིགས་ནི་ཀྲུང་གོའི་ཉེ་དུས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། “ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་འཕར་རྒྱུར་རྒྱུན་མཐུད་རོགས་རམ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཡོ་རོབ་གསར་འགྱུར་དྲ་བས་རྩོམ་ཡིག་སྤེལ་ནས། ཀྲུང་གོའི་ཚན་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་ལས་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། “རྒྱལ་སྤྱིའི་ཁྲོམ་རར་ཀྲུང་གོའི་ཚོང་ཟོག་གི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད”ཅེས་བརྗོད་པ་རེད།
ཨ་རིའི《ཧྥུའུ་པུའུ་སི》དུས་དེབ་ཀྱི་མོ་ཞི་ཁོའི་དཔར་མའི་ཐོག་གནས་ཚུལ་སྤེལ་ནས། ཀྲུང་གོ་ནི་མོ་ཞི་ཁོའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དེ་ཡིན་པ་དང་མོ་ཞི་ཁོར་ཕྱིར་གཏོང་བྱེད་པའི་ཐོན་རྫས་རིགས་འཕྲུལ་ཆས་ཀྱི་སྒྲིག་ཆས་དང་། རླངས་འཁོར་གྱི་ལྷུ་ལག གློག་རྡུལ་སྒྲིག་ཆས་སོགས་རྩེར་སོན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ལ་མགྱོགས་མྱུར་ཕྱོགས་སྒྱུར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
ཀེ་རི་སེའི་མཚོ་ཐོག་སྐྱེལ་འདྲེན་གསར་འགྱུར་དྲ་བའི་ཐོག“ད་ལོའི་ལོ་སྟོད་ཁོ་ནར་ཧྲང་ཧའེ་རུ་ཕྱི་དངུལ་ཞིབ་སྤེལ་ལྟེ་གནས་མང་པོས་ལས་གཉེར་བྱེད་འགོ་ཚུགས་པའམ་ཡང་ན་རྒྱས་སྐྲུན་བྱས་ཡོད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དེ་བས་མང་བས་ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་ལས་སྒོའི་ལམ་སྟོན་སྒྲོན་མེ་ལྟ་བུར་བརྩི་གི་ཡོད། ཀྲུང་གོས་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་འགུག་ཐབས་དང་བརྟན་པོ་ཡོང་བ་བྱས་ཏེ་ཕྱི་རྒྱལ་མ་འཇོག་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བཞིན་ཡོད། ཕྱི་རྒྱལ་གྱི་ཀུང་སིའི་དུས་ཡུན་རིང་བའི་གོ་ལ་ཧྲིལ་པོའི་འཐབ་ཇུས་ནང་ཀྲུང་གོས་འཛད་སྤྱོད་ཁྲོམ་ར་དང་། ཐོན་སྐྱེད་རྟེན་གཞི། གསར་གཏོད་ལྟེ་གནས་བཅས་ཀྱི་ནུས་པ་འདོན་བཞིན་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།