“ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད”
——པར་ཙིར་ལུའུ་ལཱ་ཞིབ་འཇུག་སུའོ་ཡི་ཀྲུའུ་ཞི་ཞིར་ཝ་ལ་བཅར་འདྲི་ཞུས་པ།
“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་གསར་དུ་བཏོད་པ་མ་ཟད། འཛམ་གླིང་གི་རྣམ་པར་ཡང་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད” ཉེ་ཆར་པར་ཙིར་ལུའུ་ལཱ་ཞིབ་འཇུག་སུའོ་ཡི་ཀྲུའུ་ཞི་དབྱི་ཝོ་ནེ·ཞིར་ཝ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏོང་བར་གཞོལ་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་དམིགས་ཚད་དུ་བྱས་པའི་སྲིད་ཇུས་དང་ཞིབ་ཕྲའི་བྱ་ཐབས་ནས་མངོན་ཡོད”ཅེས་བརྗོད་པ་རེད།
ཞིར་ཝ་ཡིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ཏེ། འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གཞི་ཁྱོན་ཆེ་བའི་མ་འཇོག་བྱས་པ་ལས་ས་ཁོངས་འཕེལ་རྒྱས་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་མ་ཐེབས་པ་དང་། གྲོང་གསེབ་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་དམིགས་སའི་རང་བཞིན་དེ་བས་ཆེ་བའི་འཕེལ་རྒྱས་སྲིད་ཇུས་བཟོས་པ། ལས་རིགས་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མི་དེ་བས་མང་བར་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་རྩལ་ནུས་ཁོང་དུ་ཆུད་པ་བྱས་པ། ཉམས་ཞན་ཚོགས་སྤྱིར་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་པའི་གོ་སྐབས་ཐོབ་པའི་འགན་ལེན་བྱས་པ་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱེད་བཞིན་ཡོད། ཞིར་ཝ་ཡིས་ཀྲུང་གོའི་ཉམས་མྱོང་ལས་ཆབ་སྲིད་ཀྱི་ཁས་ལེན་དང་འཐབ་ཇུས་རང་བཞིན་གྱི་འཆར་འགོད་བརྟན་པོ་བརྒྱུད། དབུལ་པོ་ཉུང་གཏོང་གི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ངེས་ཡིན་པས། པར་ཙིར་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་དོན་དངོས་གནས་ཚུལ་ལྟར་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས། དེ་བས་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆོག་པ་གསལ་བཤད་བྱས་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོའི་ས་གནས་མང་པོར་ལྟ་སྐོར་དང་རྟོག་ཞིབ་བྱེད་རིང་། ཞིར་ཝ་ཡིས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱིས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བར་སྟབས་བདེ་བསྐྲུན་པའི་སྐོར་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། རྒྱལ་ཡོངས་སུ་ཁྱབ་པའི་མྱུར་བགྲོད་ལྕགས་ལམ་དྲ་རྒྱས་མི་རྣམས་ཀྱི་འགྲུལ་བཞུད་བྱེད་སྟངས་ལ་རྦད་དེ་འགྱུར་ལྡོག་བཏང་བ་མ་ཟད། ཚོང་ལས་བྱེད་སྒོ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་སྐུལ་འདེད་བཏང་བ་དང་། སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་རྒྱ་ཁྱབ་ངང་སྤྱད་པས་ཞབས་ཞུའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་ཕྱིན་ཞིང་། རྒྱུན་མཐུད་ཆོག་པའི་ནུས་རྒྱུའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་གློག་སྒུལ་རླངས་འཁོར་གྱི་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དེ་བས་དྭངས་གཙང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་འགྲིམ་འགྲུལ་བྱེད་སྟངས་ཆགས་རྒྱུར་སྐུལ་འདེད་བཏང་བ་ལ་སོགས་རེད། ཞིར་ཝ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་བྱེད་ཕྱོགས་སྲིད་ཇུས་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་གཞི་ཆེའི་དཔལ་འབྱོར་བཅོས་སྐྱོང་བརྒྱུད་དེ་མཚུངས་ཀྱི་བཅོས་སྐྱོང་བྱེད་ཐབས་ཇུས་འགོད་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ནུས་པ་འཕེལ་བར་བྱས་ཡོད་ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་ལུའུ་ལཱ་ཞིབ་འཇུག་སུའོ་ཡིས་ཀྲུང་གོའི་ཞིབ་འཇུག་སྒྲིག་གཞི་མང་པོ་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། “མཉམ་ལས་དེ་རིགས་ལས་མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པའི་དུས་རབས་ཀྱི་འཕེལ་ཕྱོགས་མཚོན་ཡོད། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་མཚོན་བྱེད་དུ་བྱས་པའི་ལྷོ་ལྷོ་མཉམ་ལས་ལམ་སྲོལ་ནང་ཧུར་ཐག་ཞུགས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐད་ཆ་ཤོད་དབང་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད”ཅེས་ཞིར་ཝ་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།