ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་གྲངས་གཞི་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ།
གྲངས་གཞི་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་དགུ་ཡིས《ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་གྲངས་གཞི་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་པ་རེད།
བརྡ་ཐོའི་ནང་། ས་གནས་ཀྱིས་ཚན་རྩལ་རྣམ་པའི་ཁེ་ལས་ཁག་ལ་ཆ་འཕྲིན་ཐབས་ལམ་ཡོངས་བསྒྲགས་བྱེད་དབང་སྤྲད་དེ་ཆ་འཕྲིན་འདྲི་རྩད་དང་མཉམ་འབྲེལ་དཔེ་དབྱིབས་འདོན་པ་སོགས་ཀྱི་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུའི་སྐུལ་ལྕག་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་ལ་ཁེ་ལས་ཁག་གིས་གཏོང་ཡོང་རྩིས་ཐོའི་གྲངས་གཞི་ཡོངས་བསྒྲགས་བེད་སྤྱོད་བྱ་རྒྱུའི་སྐུལ་ལྕག ཁྲོམ་ར་ཅན་གྱི་ཡིད་རྟོན་བསྡུ་བའི་སྒྲིག་གཞི་ཁག་ལ་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གྲངས་གཞིའི་མཛོད་བསྐྲུན་པར་རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་འཁོད་ཡོད་པ་དང་། བརྡ་ཐོའི་ནང་ད་དུང་མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་དང་། རིག་ནུས་ཀྱིས་ཉེན་ཁ་ཚོད་འཛིན། ཐོན་རྫས་གསར་གཏོད་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས། དངུལ་རྩའི་སྒྲིག་གཞི་ཁག་ལ་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གྲངས་འཛིན་ཡིད་རྟོན་ཡིད་ཚགས་བསྐྲུན་ནས་ཚན་རྩལ་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱེད་རྒྱུའི་ཁྲིད་སྟོན་བྱས་པ་དང་ཆབས་ཅིག དངུལ་རྩའི་སྒྲིག་གཞི་ཁག་ལ་ཐོན་ལས་འཁོར་འབྲེལ་གྱི་མ་དངུལ་འཁོར་རྒྱུག་ལ་དབྱེ་ཞིབ་བྱས་ཏེ། གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་དཔེ་རིས་བྲིས་ནས། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གནད་སྨིན་བྱེད་རྒྱུའི་ལྕག་སྐུལ་ཡང་བྱས་ཡོད་པ་རེད།
གཞན་ཡང་། བརྡ་ཐོའི་ནང་ཁེ་ལས་ཀྱི་མིང་ཐོ་དང་ཚན་རྩལ་གསར་གཏོད་ཀྱི་ཁྱད་ཆོས་སོགས་རིགས་ཆེ་གྲས་8ཀྱི་གྲངས་གཞིའི་སྟོན་གྲངས་26ཚུད་པའི་འབྲེལ་ཡོད་དཀར་ཆག་ཁྱབ་བསྒྲགས་བྱས་ཏེ། ས་གནས་ཁག་ཏུ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་དངུལ་རྩའི་གྲངས་གཞི་གསར་སྤེལ་བེད་སྤྱོད་ཀྱི་གསལ་ཐོ་གྲུབ་པར་བྱས་ནས། ཞིང་ཆེན་རིམ་པའི་ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་གྲངས་གཞི་གསར་སྤེལ་བེད་སྤྱོད་ཀྱི་ལྷན་སྦྱར་ཆ་འཕྲིན་སྒྲིག་བཀོད་བསྐྲུན་པར་རྒྱབ་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།