ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་ཚད་ལྡན་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།
“ཏི-” “ཁྲིམས་སྒྱུར་ཨང་རྟགས”བཤེར་བ་ཙམ་གྱིས་ཁེ་ལས་ཀྱིས་ཞིབ་བཤེར་གྱི་དོན་ཚན་དང་ཞིབ་བཤེར་གྱི་ཚད་གཞི་སོགས་གསལ་པོར་ཤེས་ཐུབ།
ཀྲེ་ཅང་དུ“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”དང“ལག་ཁྱེར་བསྟན་ནས་ཁྲིམས་སྒྱུར་དང་ཨང་རྟགས་བཤེར་ནས་ཞིབ་བཤེར”བྱེད་པ་དེ་གཞི་རིམ་གྱི་སྲིད་འཛིན་ཁྲིམས་སྒྱུར་མི་སྣས་ཁེ་ལས་སུ་ཞིབ་བཤེར་བྱེད་པའི་རྒྱུན་རྣམ་དུ་གྱུར་ཡོད། ཀྲེ་ཅང་ཕིང་ཧུའུ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་ཞིབ་ཚགས་པའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཧེ་བག་ཅན་དང་རིམ་དབྱེ་རིགས་དབྱེའི་ལྟ་འདོམས་གནད་སྨིན་བྱས་ནས་གཞི་གྲངས་དང་ཁེ་ལས་ཀྱི་དགོས་མཁོ་སྔར་བས་གསལ་རྟོགས་དང་ཞིབ་བཤེར་བྱེད་ཀྱི་ཡོད། 2025ལོ་ནས་བཟུང་། ཕིང་ཧུའུ་གྲོང་ཁྱེར་གྱི“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”ལག་བསྟར་བྱེད་ཚད་83.06%ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོང་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་50%ཆག་པ། ཁེ་ལས་དང་འབྲེལ་བའི་མེ་ཟོན་ཉེན་དོན་གྱི་གནས་ཚུལ་དུས་མཚུངས་ལས་33.3%ཆག་ནས་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཏན་ཏིག་ཕྱིན་ཡོད།
ཀོང་ཏུང་དུ་ཧྲེན་ཀྲེན་གྲོང་ཁྱེར་ཀོན་ཤུས་གློག་རྡུལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས“ཨང་རྟགས་བཤེར་ནས་ཁེ་ལས་སུ་སྐྱོད་པའི”འགྱུར་ལྡོག་ངོ་སྤྲོད་བྱས་པ་སྟེ། སྔོན་ཆད་ཁྲིམས་སྒྱུར་སྡེ་ཚན་གྱིས་ཁག་བགོས་ཁྲིམས་སྒྱུར་དང་ཁེ་ལས་ལ་ཞིབ་བཤེར་ཡང་ཡང་བྱས་པར་ཀུང་སིའི་མི་ཤུགས་དང་དངོས་ཤུགས་འབོར་ཆེན་འགྲོ་གི་ཡོད། ད་ཆ་མ་ལག་གིས་རང་འགུལ་ངང་ཞིབ་བཤེར་དོན་ཚན་བསྡུ་སྒྲིལ་བྱེད་པ་དང་ཚང་མ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་ཀྱི་ཡོད་པས་ཞིབ་བཤེར་བྱེད་ཐེངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། ཁྲིམས་སྒྱུར་སྡེ་ཚན་མི་འདྲ་བའི་མི་སྣས་དུས་གཅིག་ཏུ་ཁེ་ལས་ལ་དག་ཐེར་ཇི་ལྟར་བྱེད་དགོས་པ་དང་ཁྲིམས་སྒྱུར་དེ་བས་ཚད་ལྡན་དུ་གཏོང་དགོས་པ་ཐེངས་གཅིག་བཤད་པ་དེས་ཁེ་ལས་ཀྱིས་ཀྱང་སེམས་ནུས་དེ་བས་མང་བ་བཏོན་ཏེ་ལག་རྩལ་རིམ་སྤོར་དང་ཁྲོམ་ར་གསར་འབྱེད་ཐུབ་ཀྱི་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲིམས་སྒྱུར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཞིབ་བཤེར་གང་བྱུང་དུ་བྱེད་པ། སྒོ་ཐེལ་གང་བྱུང་དུ་རྒྱག་པ་བཅས་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི”ནན་བཤད་གནང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་བཀོད་སྒྲིག་བྱས་ནས“ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་དགོས་པ”ཁ་གསལ་བཏོན་ཡོད།
འདི་ལོའི་ཟླ་5པ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “ཨང་རྟགས་བཤེར་ནས་ཁེ་ལས་སུ་སྐྱོད་པའི”ལས་དོན་དེ་ས་གནས་ཁག་གི་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། ན་ནིང་ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་གྱི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་བཏང་བ་ནས་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་འཚོལ་ཞིབ་ཧུར་ཐག་བྱས་ཏེ“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”དང་། རིམ་དབྱེ་རིགས་དབྱེའི་ཞིབ་བཤེར། “ཨང་རྟགས་བཤེར་ནས་ཁེ་ལས་སུ་སྐྱོད་པ”སོགས་བྱས་པས་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་ཆགས་ནས་སྲིད་འཛིན་ཞིབ་བཤེར་གྱི་བསྡོམས་འབོར་དུས་མཚུངས་ལས་34%ཆག་པ་དང་། གནད་དོན་ཤེས་རྟོགས་ཐུབ་པའི་བསྡུར་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་19ཙམ་མཐོ་རུ་ཕྱིན་ཡོད།
དངོས་འཛིན་བཙན་འཐབ་དང་རྩ་ལག་མཉམ་བཅོས་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ།
ཁེ་ལས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ཁྲིམས་སྒྱུར་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས། ཁྲིམས་འཛིན་ལྟ་སྐུལ་ལ་བཙན་ཐབས་འཆུན་འདོམས་བྱེད་ནུས་དང་འགན་འདེད་ལག་བསྟར་བྱེད་ནུས་ལྡན་པར་བྱས་པ་སྟེ། སི་ཁྲོན་ཀོང་ཡོན་གྲོང་ཁྱེར་གྱིས་2024ལོ་ཚུན་གྱི་སྲིད་འཛིན་ཆད་གཅོད་ཀྱི་ཡིག་སྒྲིལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ“གཏོང་ཡོང་ལོགས་དབྱེ་དང་ཆད་གཅོད་དང་འཇལ་སྤྲོད་ལོགས་དབྱེའི”གནད་དོན་དོན་འཁྱོལ་མ་བྱས་པའི་རིགས་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། ཀྲེ་ཅང་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་དྲ་ཐོག་མཉམ་སྤྱོད་མཛོད་ཁང་བསྐྲུན་ནས་གྱོད་འབྲེལ་དངོས་ཟོག་ལ་སྲིད་གཞུང་གིས་གཅིག་གྱུར་དོ་དམ་བྱས་ཏེ་ཁྲིམས་སྒྱུར་བྱེད་རིང་ཁེ་ཕན་ལེན་རྒྱུ་མེད་པར་བཟོས་པ་རེད།
ཆད་གཅོད་དང་གཞུང་བཞེས་བཏང་བའི་ཡོང་འབབ་ནམ་རྒྱུན་དང་མི་འདྲ་བར་འཕར་བའི་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནས། སྲིད་འཛིན་ཁྲིམས་སྒྱུར་གྱི་རེ་ཞུ་གང་མགྱོགས་དང་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་བར་དང་། དེ་ནས་ལྟ་སྐུལ་ལམ་སྲོལ་སྣ་ཚོགས་དང་མཉམ་སྒྲུབ་མཉམ་ལས་བྱེད་པའི་བར། ས་གནས་ཁག་གི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ནོར་འཁྲུལ་ཡོ་བསྲང་གི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་རྙོག་འཛིང་རང་བཞིན་དང་མཁྲེགས་བཟུང་རང་བཞིན་གྱི་ཁྲིམས་སྒྱུར་གནད་དོན་ལ་ལམ་ལུགས་ཀྱི“སྨན་ཐོ”བཟོས་ཡོད།
ཁུར་པོ་ཡང་དུ་དང་ཞབས་འདེགས་ཞུ་མང་དུ་བཏང་སྟེ་འདུ་ཤེས་ལ་བརྟེན་ནས་ལྟ་འདོམས་ཀྱི་ནུས་ཕྱོད་ཆེ་རུ་བཏང་བ།
གསོལ་མགྲོན་ཁང་སྒྱུར་བཀོད་ཀྱི་ཇུས་གཞི་སྒྲིག་སྲོལ་དང་མཐུན་པར་བྱ་ཆེད། ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཞིག་གི་འགན་འཁུར་བས་སྔ་སྣུར་དུ“དབྱི་ཝུའི་ཁེ་ལས་དང་འབྲེལ་བའི་ཕྱོགས་བསྡུས་ཞབས་ཞུའི”ལས་སྟེགས་བརྒྱུད“སྔོན་མངགས་རྣམ་པའི”སྲིད་འཛིན་མཛུབ་ཁྲིད་ཞབས་ཞུའི་རེ་ཞུ་ཕུལ་ཡོད།
ཕྱོགས་བསྡུས་ཁྲིམས་སྒྱུར་མི་སྣ་མགྱོགས་མྱུར་སྒོ་རྩར་ཡོང་སྟེ་སྔོན་མངགས་ཀྱི་དགོས་མཁོར་གཞིགས་ནས་མགྲོན་ཁང་དང་། ཚོམས་ཆེན། བཟའ་བཏུང་ཁུལ་སོགས་གཙོ་གནད་ས་ཁོངས་ལ་རེ་རེ་བཞིན་གྲལ་བཤེར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སྲིད་ཇུས་ཀྱི་བླང་བྱ་གསར་ཤོས་ལ་འགྲེལ་བཤད་བརྒྱབ་པ་རེད། “གནད་དོན་སྔ་ཙམ་ཐག་གཅོད་ཐུབ་ན་ང་ཚོ་དེ་བས་བློ་བདེ་པོའི་ངང་གཉེར་སྐྱོང་བྱེད་ཐུབ་ཀྱི་འདུག”ཅེས་གསལ་མགྲོན་ཁང་དེའི་འགན་འཁུར་བས་བརྗོད།
དབྱི་ཝུའུ་རུ་ཁེ་ལས་ཀྱིས་སྔོན་ཆད“ཆད་པ་ཕོག་རྒྱུར་སྐྲག་པ”ནས་ད་ཆ“མཛུབ་ཁྲིད་རེ་ཞུའི”བར་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་དེ“གནད་དོན་ཞིབ་བཤེར་བྱེད་པ”ནས“དཀའ་གནད་སེལ་བའི”བར་གྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་མཚོན་ཡོད།
ཁུར་པོ་ཡང་དུ་གཏོང་བའི་ཐད་ཧོ་པེ་དང་། ཧྲན་ཤིས། ཀོང་ཤིས་སོགས་ཀྱིས་ས་གནས་ས་ཐོག་མིན་པའི་ལྟ་འདོམས་བྱེད་ཐབས་འཚོལ་ཞིབ་དང་བེད་སྤྱོད་བྱས་ཏེ། དྲ་ཐོག་ནས་ཞིབ་དཔྱད་ཚད་ལེན་དང་གྲངས་གཞི་ཆེ་མོ་དབྱེ་ཞིབ་སོགས་རིག་ལྡན་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ལྟ་འདོམས་ཀྱི་ནུས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་དང་། ཞབས་ཞུ་ལེགས་སུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སོགས་ཁྲིམས་སྒྱུར་སྡེ་ཚན་གྱིས“ལས་དོན་མ་སྒྲུབ་གོང་སྔོན་འགོག་ཧུར་ཐག་བྱེད་པ་དང་། ལས་དོན་སྒྲུབ་རིང་བསམ་གཞིག་ནན་ཏན་བྱེད་པ། ལས་དོན་བསྒྲུབས་རྗེས་དག་ཐེར་ལ་ཁྲིད་སྟོན་བྱེད་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲིམས་སྒྱུར་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་སྒྱུར་གྱི་འདུ་ཤེས་དེ“ལྟ་འདོམས་རྐྱང་པ”ནས“ལྟ་འདོམས་དང་ཞབས་ཞུ་ཟུང་དུ་འབྲེལ་བའི”བར་འགྱུར་ལྡོག་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།