ལྷོ་ཁས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་ལམ་ལུགས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“ཚོད་ལྟའི་སྐུལ་ཁྲིད་དང་། རིམ་བཞིན་ཁྱབ་གདལ། ཕྱོགས་ཡོངས་ལ་ཁྱབ་པ”བཅས་ཀྱི་ལས་ཀའི་ཐབས་ལམ་མཐའ་འཁྱོངས་ཀྱིས་དམངས་འཚོའི་བྱ་བ་དངོས་དེ“དམངས་ཆེད་གཙོ་བོ་བྱེད་པ”ནས“དམངས་ཀྱིས་གཙོ་བོ་བྱེད་པའི”བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་བས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་ཡར་ཀླུང་ས་གཞི་ཆེ་མོར་རྩ་བ་ཚུགས་ནས་ཕན་འབྲས་དངོས་ཐོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་སྔོན་ལ་དམངས་འཚོའི་བྱ་བ་དངོས་ལ་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་ལམ་ལུགས་འཚོལ་ཞིབ་བྱས་ཤིང་། 2020ལོར། འཕྱོངས་རྒྱས་དང་རྒྱ་ཚ་རྫོང་གཉིས་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་གཅིག་ལ་སྔོན་ལ་ཚོད་ལྟ་བྱེད་པ་དང་། 2021ལོར་ཚོད་ལྟའི་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། 2022ལོར་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ལ་ཁྱབ་པ་བཅས་བྱས་ནས། “ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་འགན་གཙོ་བོ་འཁུར་བ། འཐུས་མིས་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་པ། མང་ཚོགས་ཞུགས་པ”བཅས་ཀྱི་ལས་ཀའི་རྣམ་པ་རིམ་བཞིན་བཏོད་དེ“མང་ཚོགས་ཀྱིས་གྲོས་འགོ་འདོན་པ་དང་། འཐུས་མིས་གཏན་འཁེལ་བྱེད་པ། སྲིད་གཞུང་གིས་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱིས་དཔྱད་མོལ་བྱེད་པ”བཅས་ཀྱི་ཚད་ལྡན་ཅན་གྱི་བརྒྱུད་རིམ་སྲ་བརྟན་དུ་བཏང་བ་རེད། 2020ལོར་ཚོད་ལྟ་ཁྱབ་གདལ་བཏང་ཚུན། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། འདེམས་ཤོག་འཕངས་ཏེ་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་766གཏན་འཁེལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་6.7ཙམ་བཏང་ནས་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་ཉམས་བཟོ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་གཙོ་གནད་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ཁྱབ་པར་བྱས་པས། དམངས་འཚོའི་དགོས་མཁོ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་གནད་སྨིན་འབྲེལ་མཐུད་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།