དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ནང་མཁོ་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་པར་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཏུང་ཧུའེ། ཝང་ཁོ།   |     སྤེལ་དུས།  2026-08-09

    ནང་མཁོ་རྒྱ་ཆེར་གཏོང་བ་ནི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་པས་འཛད་སྤྱོད་ཆེར་སྤེལ་ནི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད།

    ད་ལོའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་གཙོ་གནད་ལས་འགན་ཁག་8ཀྱི་ཁྲོད“ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་སྐྲུན་དགོས”ཞེས་པ་ཨང་དང་པོར་བཞག་ཡོད། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར“ནང་མཁོ་རྒྱ་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་ལེགས་སུ་གཏོང་དགོས”ཞེས་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་མཁོ་རྒྱ་ཆེར་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ནས“རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འཛད་སྤྱོད་དང་མ་འཇོག་དང་། དགོས་མཁོ་དང་མཁོ་སྤྲོད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ”དང“ནང་མཁོ་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་ལྟེ་བ་འདིར་སྟངས་འཛིན་ནན་པོ་བྱེད་དགོས”ཞེས་ནན་བཤད་ཡང་ཡང་གནང་ཡོད། དེས་ན་ནང་མཁོ་དེ་དཔལ་འབྱོར་འཕར་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་བརྟན་ལྷིང་གི་གཏིང་རྡོ་ལྟ་བུར་གྱུར་ཡོད།

    ནང་མཁོ་རྒྱ་ཆེར་གཏོང་བ་དེ་དཔལ་འབྱོར་བརྟན་པོ་ཡོང་བ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་བདེ་འཇགས་ཡོང་བ་དང་ཡང་འབྲེལ་བ་ཡོད། དེ་ནི་སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་པར་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད།

    ཤར་རྒྱ་མཚོའི་མཚོ་འགྲམ་གྱི་ཀྲེ་ཅང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁར་རླངས་འཁོར་དང་གྲུ་གཟིངས་འགྲོ་འོང་བྱེད་མཁན་མང་པོ་ཡོད། 2025ལོར་འདི་གར་གོ་ལ་ཧྲིལ་པོའི་ལོ་རེའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14ལས་བརྒལ་བའི་གྲུ་ཁ་ཆེན་པོ་དང་པོར་གྱུར་ཡོད།

    2020ལོའི་དཔྱིད་ཀར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆར་པར་མ་འཛེམས་པར་འདི་གར་རྟོག་ཞིབ་གནང་བར་ཕེབས།

    “ད་ཆའི་དུས་བབ་གཏན་ནས་འདྲ་གི་མེད། མང་འདྲེན་མང་གཏོང་གི་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་ཕྱིན་ཡོད་པས་ངེས་པར་དུ་དུས་བབ་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་འདོན་དགོས”སྔར་སོང་དང་། ད་ལྟ། འབྱུང་འགྱུར་བཅས་ལ་དགོངས་པ་གཏིང་ཟབ་བཞེས་ནས་པེ་ཅིང་དུ་ཕྱིར་ལོག་གནང་སྟེ་ཡུན་རིང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ཁ་གསལ་བཏོན་གནང་ཡོད། ལོ་དེའི་ཟླ་10པར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད།

    “འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་དེ་མཐའ་འཁྱོངས་བྱས་ནས། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་རྒྱལ་ནང་གི་ཁྲོམ་རར་དེ་བས་མང་བ་བརྟེན་ཏེ། རྒྱལ་དམངས་དཔལ་འབྱོར་གྱི་རྒྱུན་འཁོར་བཟང་པོ་ཆགས་པར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་ཡོད།

    ནང་མཁོ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བའི་ཕན་འབྲས་ཚང་མས་མཐོང་གསལ་རེད། ད་ལོའི་ལོ་སྟོད་དུ་མཐའ་མའི་འཛད་སྤྱོད་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས་2.1འཕར་བར་སྐུལ་ཁྲིད་བྱས་པ་དང་། མ་རྩ་གྲུབ་པའི་བསྡོམས་འབོར་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས་1.7འཕར་བར་སྐུལ་ཁྲིད་བྱས་ཡོད།

    ཚན་རིག་དང་མཐུན་པའི་སྲིད་ཇུས་ལག་བསྟར་བྱས་ནས་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོའི་ནང་གནས་སྒུལ་ཤུགས་དང་བློས་འཁེལ་རང་བཞིན་ཆེ་རུ་བཏང་བ་རེད།

    2023ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག“དངོས་ཐོག་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱེད་དགོས”ཞེས་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་གནང་ཡོད།

    “དམངས་འཚོར་ཕན་པ་བཏགས་ནས་གཏིང་ཤུགས་ཆེ་རུ་གཏོང་བར་དམིགས་ཏེ་མ་འཇོག་ཆག་ཆད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས”2025ལོའི་ཟླ་12པར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མ་འཇོག་བྱེད་ཚད་ཆག་པར་ཚད་མཐོའི་མཐོང་ཆེན་བྱེད་དགོས་ལ་བབ་བརླིང་བརྟན་གསུམ་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བླང་བྱའི་ཐད་ནས་བལྟས་ན། དངོས་ཐོག་མ་འཇོག་གམ་ཡང་ན་མི་སྐྱོང་མ་འཇོག་གང་ཡིན་རུང་བར་མཐོངས་ཆེན་པོ་ཡོད”ཅེས་བཀའ་མངག་གནང་ཡོད།

    མིག་སྔར། རང་རྒྱལ་གྱི་ནུས་ལྡན་མ་འཇོག་གི་བར་མཐོངས་སྔར་བཞིན་ཡངས་པོ་ཡོད། འགག་རྩ་དང་ལྟེ་བའི་ལག་རྩལ་ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་རྒྱ་སྟོབས་ཆེར་གཏོང་། འབྱུང་འགྱུར་ཐོན་ལས་སྔོན་ནས་ཇུས་འགོད་བཅས་ཚང་མ་མ་འཇོག་འཕེལ་རྒྱས་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་གསར་པར་གྱུར་ངེས།

    དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་རེད།

    གྲོང་ཁྱེར་གསར་སྒྱུར་ནི་མ་འཇོག་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གཞི་རྟེན་རེད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད།

    ད་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་ཧོང་ཕུའུ་ཆུས་སུ་གནས་པའི་པན་སུང་ཡོན་ལམ་ཁྲོམ་གཞུང་ཧྲི་མིན་གྲོང་གསར་གྱི་གྲོང་མི་སྡོད་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། འདི་གའི་དུས་རབས་གོང་མའི་ལོ་རབས་50པར་བསྐྲུན་པའི་སྡོད་ཁང་སྟར་པ་4པོ་བསྐྱར་བཟོ་གསར་སྒྱུར་བྱས་པ་བརྒྱུད། ཐབ་ཚང་དང་གསང་སྤྱོད་ལོགས་སུ་བཟོས་པ་དང་གློག་སྐས་བསྒར་བས་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    “‘འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན’མི་སེར་གྱི་འཚོ་བ་ནི་ཁྱིམ་དོན་རེད་ལ་རྒྱལ་དོན་དེ་བས་རེད” ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་ནི་མང་ཚོགས་ཀྱི་རེ་སྒུག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁྲལ་གནང་ས་ཡང་རེད། “ཏང་ཀྲུང་དབྱང་གིས་གྲོང་ཁྱེར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ཤུགས། ཤེས་དཔལ། བློ་གྲོས་བཅས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་བསྐྲུན་པར་གྲོང་ཁྱེར་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་ཁ་གསལ་བཏོན་ཡོད”

    གྲོང་གསེབ་འཛུགས་སྐྲུན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མི་མཉམ་པའི་འགལ་བ་ཐག་གཅོད་བྱེད་པའི་ཤུགས་རྒྱག་ས་རེད་ལ། ནང་མཁོ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གནས་སའང་རེད།

    ད་ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་སྐབས། གྲོང་མིའི་ཁྱིམ་དུ་ཕེབས་ནས“ཁྱེད་ཚོས་འཚོ་བ་ཡག་པོ་སྐྱེལ་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང” ཁྱིམ་ཚང་དང་དུད་ཚང་རེ་རེ་དང་གྲོང་ཚོ་དང་གྲོང་རྡལ་རེ་རེ་ནས་སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་རྒྱང་དེ་བས་རིང་པོ་གནང་སྟེ“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ་དེ་ང་ཚོས་སྔར་ནས་བཟུང་སྒྲུབ་བཞིན་ཡོད་ལ་བློ་བརྟན་འགྱུར་མེད་ངང་མུ་མཐུད་བསྒྲུབ་རྒྱུ་ཡིན”

    རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་རང་རྒྱལ་གྱི་དཔལ་འབྱོར་མདུན་སྐྱོད་བརྟན་པོ་ཡོང་བར་སྐུལ་འདེད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།