དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཁེར་གྷི་སི་ཐན་དུ་ཆུ་འདྲེན་ལས་གྲྭ་དང་འོད་ཤུགས་གློག་གཏོང་རྣམ་གྲངས་ལག་བསྟར་བྱས་ནས་དམངས་འཚོ་ལེགས་སུ་འགྲོ་བར་རམ་འདེགས་བྱས་པ།

    “ཀྲུང་གོའི་ཉམས་མྱོང་དང་ལག་རྩལ་དེ་བས་མང་བ་ནང་འདྲེན་བྱ་རྒྱུའི་རེ་བ་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཀྲི་ཝུན། པའེ་དབྱང་།   |     སྤེལ་དུས།  2026-08-08

    འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཀྲུང་གོས་ཁེར་གྷི་སི་ཐན་ལ་རོགས་སྐྲུན་བྱས་པའི་ཆུ་འདྲེན་མ་ལག་སྒྱུར་བཀོད་ཀྱི་ལས་གྲྭ་ཡིན་པ། (ཁེར་གྷི་སི་ཐན་གྱི《དར་ཆ་ཚགས་པར》གྱི་གསར་འགོད་པ། ཨ་ཁེ་ཐན·ས་ལི་ཡེ་ཧྥུའུ་ཡིས་པར་བླངས)

    འདི་ནི་ཀྲུང་གོས་ཁེར་གྷི་སི་ཐན་ལ་རོགས་སྐྲུན་བྱས་པའི་ཆུ་འདྲེན་མ་ལག་སྒྱུར་བཀོད་ཀྱི་ལས་གྲྭའི་ཕན་ནུས་འོག་ཨ་ཁེ་ཨའོ་ལུང་གྲོང་ཚོའི་ཤིང་འབྲས་འདེབས་འཛུགས་དུད་ཚང་ལ་ཐོན་ལེགས་བྱུང་བའི་གནས་ཚུལ་ཡིན་པ།

    འདི་ནི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལག་རྩལ་མི་སྣས་ཁྲུའུ་ཧོ་ཀྲོའུ་ཡི་ཀྲའོ་ཝ་100ཟིན་པའི་འོད་ཤུགས་གློག་ཁང་དུ་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།

    ཉིན་ཤས་གོང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཁེར་གྷི་སི་ཐན་གྱི་དབྱི་སའེ་ཁེ་མཚེའུ་ཀྲོའུ་དང་ཁྲུའུ་ཧོ་ཀྲོའུ་རུ་བསྐྱོད་དེ། ཀྲུང་གོས་ཁེར་གྷི་སི་ཐན་ལ་རོགས་སྐྲུན་བྱས་པའི་ཆུ་འདྲེན་མ་ལག་སྒྱུར་བཀོད་ཀྱི་ལས་གྲྭ་དང་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་ནས་བསྐྲུན་པའི་ཁྲུའུ་ཧོ་ཀྲོའུ་ཡི་ཀྲའོ་ཝ་100ཟིན་པའི་འོད་ཤུགས་རྣམ་གྲངས་སྐོར་ལ་བཅར་འདྲི་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་ལེགས་ལྡན་རང་བྱུང་ཐོན་ཁུངས་ཆུ་ནུས་དང་ཉི་ནུས་བེད་སྤྱོད་ནུས་ལྡན་གྱིས་ཡུལ་དེའི་དམངས་འཚོ་ལེགས་སུ་འགྲོ་བར་རྒྱུན་མཐུད་རམ་འདེགས་ཇི་ལྟར་བྱས་ཚུལ་ཤེས་རྟོགས་ཟབ་མོ་བྱས་པ་རེད།

    དབྱི་སའེ་ཁེ་མཚེའུ་ཡི་ཉེ་འགྲམ་དུ་གནས་པའི་ཨ་ཁེ་ཨའོ་ལུང་གྲོང་ཚོར་ཡུར་བུ་ནས་ཆུ་ལྷུང་ལྷུང་དུ་བཞུར་ཏེ། ལམ་རྒྱུད་ཀྱི་ཡངས་པའི་ཞིང་ས་བརླན་པ་དང་ཁམ་སྡོང་ལྡུམ་རར་ཤིང་འབྲས་ཀྱང་ལེགས་པར་སྨིན་འདུག ས་ཆ་དེ་ནི་ཀྲུང་གོས་ཁེར་གྷི་སི་ཐན་ལ་རོགས་སྐྲུན་བྱས་པའི་ཆུ་འདྲེན་མ་ལག་སྒྱུར་བཀོད་ཀྱི་ལས་གྲྭའི་ཆུ་འདྲེན་ཁུལ་གྱི་ཁོངས་སུ་གཏོགས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པས་སྐྲུན་འགན་འཁུར་ཡོད་པ་རེད། རྣམ་གྲངས་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པའི་ཆུ་ཡུར་མ་ལག་གི་སྤྱིའི་རིང་ཚད་སྤྱི་ལེ་87ཡོད་པ་དང་ཆུ་སྒོ་དང་། ཟམ་པ། ཟམ་ཕུག་སོགས་ཆུ་བེད་ལེ་ལག་ཆ་ཚང་འཐུས་སྒོ་ཚང་དུ་བཏང་ཡོད། ལས་གྲྭ་དེ་ལས་ས་གནས་དེ་གར་རྨོ་ཞིང་སྤྱི་ཆིང་2310མང་དུ་སོང་བ་དང་དེ་སྔའི་ས་ཞིང་སྤྱི་ཆིང་ཁྲི་1.11ལ་ཆུ་འདྲེན་འགན་ལེན་ཐུབ་ནས་ཡུལ་མི་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ཨ་ཁེ་ཨའོ་ལུང་གྲོང་ཚོའི་འགོ་ཁྲིད་ཟུར་པ་མེ་ལ་མུའུ·ཁོ་ཏེ་ལ་ལི་ཡེ་ཝ་ཡིས། “ཆུ་ཡུར་དེས་ང་ཚོར་དཀའ་གནད་ཆེན་པོ་ཐག་གཅོད་བྱེད་རོགས་བྱས་ཡོད” ཀྲུང་གོས་རོགས་སྐྲུན་བྱས་པའི་ཆུ་འདྲེན་ཡུར་བུ་བཟོས་རྗེས་དེ་སྔོན་ཆུ་དཀོན་པའི་དབང་གིས་ས་རྒོད་དུ་ལུས་པའི་ས་ཞིང་ལ་སླར་ཡང་སྐྱེ་སྟོབས་རྒྱས་ཡོད། ད་ཆ་ཡུལ་མི་ཚོས་ཤིང་འབྲས་སྡོང་པོ་འཛུགས་པ་དང་གཟན་རྩྭ་ལས་སྣོན་བྱས་པར་ཡོང་འབབ་བརྟན་པོ་རག་ཡོད། ཆུ་འདྲེན་ཁུལ་གྱི་ཆུ་ཡུར་འགྲམ་དུའང་ཡུལ་མི་ཚོས་དབྱར་དུས་སྤྲོ་གསེང་དང་ཚ་གཡོལ་བྱེད་པའི་ས་ཆ་སྐྱིད་པོ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།

    ཁྲུའུ་ཧོ་ཀྲོའུ་ཡི་ཀྲའོ་ཝ་100ཟིན་པའི་འོད་ཤུགས་གློག་ཁང་ནི་ཁེར་གྷི་སི་ཐན་དུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་འོད་ཤུགས་གློག་ཁང་ཆེ་གྲས་ཐོག་མ་དེ་ཡིན། ཀྲུང་གོ་ཡན་ཨན་ཅིའུ་ཅིའུ་འོད་གློག་ཀུང་སི་ནི་མ་འཇོག་འཛུགས་སྐྲུན་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་དེའི་ཡན་ལག་ཀུང་སི་ཡུང་ཧྲེང་ནུས་རྒྱུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོའུ་ཅུན་ཀང་གིས། རྣམ་གྲངས་2025ལོའི་ཟླ་7པར་ཨར་སྐྲུན་བྱེད་འགོ་ཚུགས་པ་དང་2025ལོའི་ལོ་མཇུག་ཏུ་གློག་ཆ་ཚང་དྲ་སྦྲེལ་ཐུབ་ནས་རིམ་རྩིས་བརྒྱབ་ན་ད་བར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1.28བཏང་ནས་དུད་ཚང་ཁྲི་3ཙམ་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཡོད། ལོ་ཧྲིལ་པོར་སྔོན་དཔག་བྱས་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་2.1ཙམ་བཏང་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་15ལྷག་ཙམ་ཉུང་དུ་འགྲོ་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

    “ཡུལ་འདི་གར་གློག་ཤུགས་གཙང་མ་རྒྱུན་མཐུད་ངང་ཕྱིར་གཏོང་བྱེད་པ་མཐོང་སྐབས། ང་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་ལ་སེམས་འགུལ་ཡང་ཐེབས་ཀྱི་འདུག” དེ་སྔ་དབྱར་དུས་ཚ་གདུག་ཆེ་བའི་སྐབས། ཁེར་གྷི་སི་ཐན་གྱི་གློག་ཤུགས་མ་ལག་གིས་གློག་མ་ཐེག་པར་གློག་ཚོད་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་འོད་ཤུགས་གློག་འདོན་ས་ཚིགས་བསྐྲུན་རོགས་བྱས་པ་དེས་ཁེར་གྷི་སི་ཐན་གྱི་ནུས་རྒྱུའི་གྲུབ་ཆ་སྣ་མང་ཅན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་བྱུང་ནས་གློག་ཤུགས་ནང་འདྲེན་བྱེད་ཚད་ཉུང་དུ་སོང་ཡོད་ཅེས་བཤད་ཅིང་། ཁོང་གིས“ཀྲུང་གོའི་ནུས་རྒྱུ་གསར་པའི་འཕེལ་ཕྱོགས་མགྱོགས་པོ་ཡོད་པས། ཀྲུང་གོའི་ཉམས་མྱོང་དང་ལག་རྩལ་དེ་བས་མང་བ་ནང་འདྲེན་བྱ་རྒྱུའི་རེ་བ་ཡོད”ཅེས《ཁེར་གྷི་སི་ཐན་གྱི་གཏམ་བརྗོད་ཚགས་པར》གྱི་གསར་འགོད་པ་ཨན་ཏེ་ལེ·ཐུའོ་ཁོ་མུའུ་པ་ཡེ་ཧྥུའུ་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།