ཀྲུང་གོས་ཕྱི་ཕྱོགས་ཚོང་དོན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་བརྟག་དཔྱད་ཐེངས་དང་པོ་བྱས་པ།
ཚེས་5ཉིན། ཚོང་དོན་པུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། འབྲེལ་ཡོད་ནང་འདྲེན་གྱི་པར་འདེབས་དང་བསྐྱར་པར་གཞུང་ལས་སྒྲིག་ཆས་ལ་ཕྱི་ཕྱོགས་ཚོང་དོན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་བརྟག་དཔྱད་བྱས་ཤིང་། དེ་ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ད་ཐེངས་ཀྱི་བརྟག་དཔྱད་ནི་ཀྲུང་གོས་ཕྱི་ཕྱོགས་ཚོང་དོན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་བརྟག་དཔྱད་བྱེད་ཐེངས་དང་པོ་རེད་ཅེས་བརྗོད་པ་རེད།
མགྲིན་ཚབ་པས་བརྗོད་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་གཞིར་བཟུང་། ཕྱི་ཕྱོགས་ཚོང་དོན་གྱི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ཚོང་དོན་པུའུ་ཡིས་རང་ངོས་སམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་ཕྱི་ཕྱོགས་ཚོང་དོན་ཁྲོད་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་གྱི་འབྲེལ་ཡོད་དོན་ཚན་ལ་བརྟག་དཔྱད་བྱེད་ཆོག་གི་ཡོད་པ་རེད།
མགྲིན་ཚབ་པས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་བརྟག་དཔྱད་ནང་དོན་ནི་འབྲེལ་ཡོད་ཕྱི་རྒྱལ་གྱི་མ་ལག་མཉེན་ཆས་བསྒར་བའི་ནང་འདྲེན་གྱི་པར་འདེབས་དང་བསྐྱར་པར་གཞུང་ལས་སྒྲིག་ཆས་ཀྱིས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་དཔོག་བྱ་རྒྱུ་དང་། བརྟག་དཔྱད་ཀྱི་དོན་ཚན་ཁོངས་སུ། བརྟག་དཔྱད་བྱ་ཡུལ་གྱི་ནང་འདྲེན་གནས་ཚུལ་དང་། ནང་འདྲེན་ཐོན་རྫས་དང་ལག་རྩལ་ལམ་ཡང་ན་ཞབས་ཞུས་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་ཐེབས་པའི་ཤུགས་རྐྱེན། རྒྱལ་ནང་གི་དགོས་མཁོའི་གནས་ཚུལ། ནང་འདྲེན་གྱིས་རྒྱལ་ནང་ཐོན་ལས་ལ་ཐེབས་པའི་ཤུགས་རྐྱེན། རྒྱལ་ནང་ཐོན་ལས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད། འབྲེལ་ཡོད་ཕྱི་རྒྱལ་སྲིད་གཞུང་གི་སྲིད་ཇུས་དང་བྱ་ཐབས་ཀྱིས་རང་རྒྱལ་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཚུད་ཡོད་པ་མ་ཟད། ད་དུང་དོན་ཚན་གཞན་དག་ཡོད་པ་རེད།
མགྲིན་ཚབ་པས་བརྗོད་དོན། གོམ་སྟབས་རྗེས་མར། བརྟག་དཔྱད་ལས་ཁུངས་ཀྱིས་ཁྲིམས་བཞིན་བརྟག་དཔྱད་བྱས་ཏེ། ཁེ་གྱོང་འབྲེལ་བ་ཡོད་པའི་ཕྱོགས་ཁག་གི་ཁེ་དབང་སྲུང་སྐྱོང་གང་ལེགས་བྱ་རྒྱུ་ཡིན་ཞིང་། བརྟག་དཔྱད་བྱས་འབྲས་ལ་གཞིཌ་ཏེ། ལུགས་མཐུན་དྲང་གཞག་གི་སྒོ་ནས་ཁྲུན་ཐག་བཅད་དེ། ཀྲུང་གོའི་རྒྱལ་ནང་ཐོན་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།