ཕྱི་འབྲེལ་པུས་བརྗོད་དོན།
ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པར་བཙན་གནོན་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
ཨ་རིས་ཁྲིམས་སྲོལ་ལ་འཆར་ཟིན་བཀོད་ནས་ཀྲུང་གོའི་ཁེ་ལས་ལ་བཙན་གནོན་བྱེད་པའི་འབྲེལ་ཡོད་བྱེད་སྤྱོད་སྤེལ་རྒྱུའི་སྐོར་གྱི་འཕྲིན་སྤེལ་ལ་དམིགས་ནས། ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པར་བཙན་གནོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་ཁྲིམས་སྲོལ་ལ་འཆར་ཟིན་བཀོད་དེ་ཀྲུང་གོས་ཐོན་སྐྱེད་བྱས་པའི་འོད་གཏོང་ལེན་གྱི་དཔེ་དབྱིབས་གསར་པ་ནང་འདྲེན་བྱ་རྒྱུ་གཏན་འགོག་བྱེད་པ་དང་ཆབས་ཅིག ཤེལ་མང་ཀུལ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ལ་སྒོ་ཁྲལ་ཐོལ་པ་བསྡུ་བ་དང་འབྲེལ་རིན་གོང་གི་ཚད་གཞི་དམའ་ཤོས་ཀྱང་བཟོ་རྩིས་ཡོད་པ་རེད། ཨ་རི་ཕྱོགས་ཀྱིས་དེ་གོང་ཧྭ་ཝེ་ལ་བཀག་སྡོམ་དང་ཚོད་འཛིན་བྱས་པར་དམིགས་ནས་ཨ་རིས་སྤེལ་རྩིས་ཡོད་པའི་བྱ་སྤྱོད་ལ་ཀྲུང་གོས་ཚོད་སྐོར་ཇི་ལྟར་བྱ་རྒྱུ་ཡིན་ནམ། བྱེད་ཐབས་གང་དག་སྤྱད་དེ་རང་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ནམ་ཞེས་དྲིས་པར།
ལིན་ཅན་གྱིས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐ་སྙད་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པར་བཙན་གནོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། སྲུང་སྐྱོང་རིང་ལུགས་ཀྱིས་ཨ་རིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་མི་ཐུབ། ཨ་རི་ཕྱོགས་ཀྱི་བྱེད་སྟངས་ཀྱིས་ཀྲུང་ཨའི་ཁེ་ལས་ཀྱི་རྒྱུན་གཏན་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་པ་དེ་ཨ་རིའི་ཁེ་ལས་དང་འཛད་སྤྱོད་པ་ཚུད་པའི་ཕྱོགས་ཁག་གི་ཁེ་ཕན་དང་མཐུན་གྱི་མེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མུ་མཐུད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།