ཉི་འོད་གྲོང་གི་ཡིད་འོང་ཉམས་བཟང་།

རྫོང་རྒྱབ་ཀླུ་ཁང་ནང་གི་ཆུ་དཀྱིལ་ཕོ་བྲང་ཡིན་པ།

ཉི་མ་ནུབ་ཁའི་ལྷ་ས་གྲོང་ཁྱེར་ཡིན་པ།

ལྷ་ས་སྐྱིད་ཆུའི་ཟམ་ཆེན་ནས་པར་བླངས་པའི་ཕོ་བྲང་པོ་ཏ་ལ་ཡིན་པ།

ལྷུན་གྲུབ་རྫོང་གི་ངོ་མཚར་ལྕང་གླིང་ཡིན་པ།

ལྷ་ས་སྐྱིད་ཆུའི་ངོགས་སུ་གྲོང་མིས་གཅེས་ཁྱི་དང་རྩེད་མོ་རྩེ་བཞིན་པ།

ལྗོན་པའི་ཁྲོད་ཀྱི་ཕོ་བྲང་པོ་ཏ་ལ་ཡིན་པ།

ཕ་བོང་ཁ་ནས་པར་བླངས་པའི་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ཡིན་པ།
ཞོགས་པའི་ཉི་གཞོན་དལ་གྱིས་རི་རྩེར་འཕགས་ཤིང་། གསེར་མདོག་གི་ཉི་འོད་དེ་སེང་རས་གསེར་པོ་ཞིག་དང་འདྲ་བར་ལྷ་སའི་ལུང་གཞུང་ཡོངས་སུ་ཁེངས་ལ། ཉི་འོད་གྲོང་དུ་འབོད་པའི་ལྷ་ས་འདི་ཉིད་ཀྱི་ཁུ་སིམ་ཡང་ཁད་ཀྱིས་དཀྲོགས། ཞོགས་པའི་སྨུག་སྤྲིན་མ་ཡལ་གོང་ནས་སྲང་ལམ་ཆེ་ཆུང་གང་སར་གོམ་པའི་དིག་སྒྲ་གྲགས་འགོ་ཚུགས་ཤིང་། ཁྲོམ་གཞུང་དང་ཁུག་ཀྱོག་གང་ས་ནས་ས་གཞི་འདིའི་བབ་ཆགས་ཤོས་དང་མི་སེམས་འགུལ་ཤོས་ཀྱི་འཚོ་བའི་རྣམ་པ་མངོན་འོང་།
གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ། པོ་ཏ་ལའི་ཕོ་བྲང་དཀར་པོར་ཉི་ཟེར་ཕོག་སྟེ་བཀྲག་མདངས་ལྷག་པར་ཆེ་ཞིང་། དེ་ནི་གཡང་ཊི་ཞིག་དང་འདྲ་བར་སྣུམ་ཞག་དོད་ལ་ཡིད་དུ་འོང་། ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་སྐབས། དམར་པོ་རིའི་སྟེང་དུ་འགྱིང་ངེར་གནས་པའི་ཕོ་བྲང་དེས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་དཔང་པོ་བྱེད་པ་དང་གཉིས་སུ་མ་མཆིས། ཕན་ཚུལ་སྣོལ་མར་གནས་པའི་མང་ཚོགས་ཀྱི་སྡོད་ཁང་དང་གཅིག་ལ་གཅིག་བརྒྱན་གྱིས་ལྷ་སའི་ཐུན་མོང་མ་ཡིན་པའི་གྲོང་ཁྱེར་གྱི་མཛེས་ལྗོངས་ཤིག་གྲུབ། སྤྱི་ལོའི་དུས་རབས་7པར་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕྱག་འདེབས་འགོ་ཚུགས་པའི་ཕོ་བྲང་པོ་ཏ་ལ་ནི་ལོ་ངོ་སྟོང་གི་ཆར་རླུང་བརྒྱུད་ཀྱང་སྔར་བཞིན་འགྱིང་ངེར་གནས་ཤིང་། མི་རིགས་ཁག་དབར་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད།
ལྷ་ས་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དུ། སྒྱུ་རྩལ་དང་འཚོ་བའི་དབྱེ་མཚམས་རིམ་པར་ཡལ་ཞིང་། སྲོལ་རྒྱུན་རིག་གནས་དང་དེང་རབས་མཛེས་དཔྱད་གཞི་གཅིག་ཏུ་འདྲེས་ལ། མཛེས་རྩལ་བཤམས་མཛོད་ཁང་གི་ཚོན་ལྡན་མདོང་ལམ་སྒོར་མོ་དེ་དག་འཇའ་ཚོན་སྣ་ལྔས་ལེགས་པར་བརྒྱན་པ་དང་། སྲོལ་རྒྱུན་དང་འབྱུང་འགྱུར་སྦྲེལ་མཐུད་བྱས་པའི་ཁྱམས་རིང་ཞིག་དང་འདྲ་བར་དེང་རབས་སྒྱུ་རྩལ་གྱི་ཐུན་མིན་སྐད་བརྡར་བརྟེན་ནས་ས་མཐོའི་རིག་གནས་ཀྱི་ནང་དོན་ཟབ་མོར་གསལ་འགྲེལ་རྒྱག་པ་ལྟར་སྣང་། དེའི་ཁྲོད་དུ་སྐྱོད་སྐབས་གནའ་བོའི་ཤེས་དཔལ་དང་དེང་རབས་སྒྱུ་རྩལ་མཉམ་འདྲེས་ལས་མངོན་པའི་ཐུན་མིན་ཉམས་འགྱུར་ཞིག་ཚོར་འོང་།
ལྷ་ས་སྐྱིད་ཆུའི་ངོགས་ཀྱི་གཙང་འགྲམ་ལམ་ནས་དལ་བུར་བསྐྱོད་ཙ་ན། བབ་ཆགས་པའི་འཚོ་བའི་ཉམས་སྣང་ངང་ངམ་ཤུགས་ཀྱིས་ཚོར་ཞིང་། གྲོང་མིས་གཅེས་ཁྱི་ཁྲིད་དེ་འཆམ་འཆམ་དུ་འགྲོ་བའི་གཟུགས་བརྙན་ཆུ་ངོས་སུ་གསལ་བ་དང་། རྒྱང་རིང་གི་གངས་རིའི་བཞིན་རས་ནི་ངོ་ཚ་སྨིན་པའི་དམན་ཤར་ཞིག་དང་འདྲ་བར་སྤྲིན་རུམ་ནས་མངོན་ཙམ་སྦས་ཙམ་བྱེད། ལྷ་ས་སྐྱིད་ཆུའི་ངོགས་ཀྱི་བག་ཕེབས་དང་སྤྲོ་སྣང་ནི་ས་མཐོའི་འཚོ་བ་རྣལ་མ་དེ་ཡིན་ལ་གྲོང་ཁྱེར་གྱི་སྐྱིད་ཉམས་མཚོན་ཚུལ་ཡག་ཤོས་དེའང་རེད།
ལྷུན་གྲུབ་རྫོང་གི་ངོ་མཚར་ལྕང་གླིང་དང་གཙང་འགྲམ་གྱི་སྤང་ཐང་ནི་ལྷ་ས་བ་ཚོ་བློ་བདེ་བག་ཕེབས་ཀྱིས་འཚོ་བར་རོལ་སའི་རང་བྱུང་གནས་མཆོག་ཅིག་རེད། ཚོན་མདོག་རྣམ་པར་བཀྲ་བའི་གྲུ་ཆུང་ཁུ་སིམ་མེར་གཙང་འགྲམ་དུ་བཞག་པ་དང་། ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་དང་ཚང་ཚིང་ལྕང་གླིང་གཅིག་ལ་གཅིག་བརྒྱན་དུ་གནས་ཤིང་། ཉི་མའི་འོད་ཟེར་ས་འཛིན་སྒེག་མོའི་ངོས་སུ་འཕྲོས་ཏེ་རང་བྱུང་ཁམས་ཀྱི་མཛེས་ཉམས་ཡོངས་སུ་ངོམས། ས་ཆ་དེ་གར་གྲོང་ཁྱེར་གྱི་འདུ་འཛི་མེད་ལ་ཁ་རླུང་གཙང་ཞིང་ཡུལ་ལྗོངས་མཛེས་པས། ངལ་གསོ་དང་གུང་གསེང་སྐབས་སུ། གྲོང་མི་མང་པོ་གནས་དེ་གར་རི་ཆུ་ཉམས་སུ་མྱོང་བ་དང་རང་བྱུང་ཁོར་ཡུག་གི་པང་དུ་ངལ་དུབ་སེལ་བར་འགྲོ་ཡི་ཡོད།
སྨག་རུམ་གྱི་ཡོལ་བས་ས་གཞི་ཆེན་པོ་སྒྲིབ་པ་དང་བསྟུན་ནས་ཉ་གང་ཟླ་བ་ལྷ་སའི་མཁའ་དབྱིངས་སུ་དལ་གྱིས་འཕགས། ཟླ་བའི་འོད་ཟེར་གྱིས་ཡོངས་སུ་བཀླུབས་པའི་ལྷ་ས་ཁུ་སིམ་དང་ལྷིང་འཇགས་ངང་གནས་ལ། མི་རྣམས་ཀྱང་ཟླ་བའི་འོད་ཟེར་ཁྲོད་རང་བྱུང་དང་སེམས་ཁམས་ཞི་བར་གནས་པའི་དུས་ལ་རོལ།
ཕོ་བྲང་པོ་ཏ་ལའི་རྔམ་བརྗིད་ཟབ་བརླིང་ནས་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་སོས་དལ་བག་ཕེབས་བར་དང་། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གི་སྒྱུ་རྩལ་གྱི་ཉམས་གསར་ནས་ལྷུན་གྲུབ་རྫོང་གི་རང་བྱུང་མཛེས་ལྗོངས་བར། ལྷ་སའི་ཉམས་བཟང་དེ་ཉིན་མཚན་བརྗེ་རེས་ཁྲོད་ནས་མངོན་ལ་རྒྱུན་གཏན་གྱི་འཚོ་བའི་ནང་དུའང་འདུས་ནས་ཡོད། ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཟབ་མོའི་ཁྲོད་གནས་པའི་གནའ་གྲོང་དེ་ཡང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་བཅས་ཏེ་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།