ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་དགོས།
—— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་སྐོར་གྱི་གླེང་ཐེངས་གསུམ་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་འཛུགས་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་ལ་ཉེ་བའི་འགག་རྩའི་དུས་སུ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་གལ་ཆེན་དེར་དམིགས་ནས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱ་རྒྱུ་དེ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་བཏང་བ་ཞིག་རེད་ལ། དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་ཡག་པོ་བསྐྱོད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད།
བྱ་གཞག་དར་རྒུད་ཀྱི་འགག་རྩ་ནི་མི་ལ་ཐུག་ཡོད། ལས་བྱེད་པའི་དཔུང་ཁག་གི་ཆུ་ཚད་མཐོ་དམན་གྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་བྱེད་པར་མཐར་གཏུགས་ནས་བརྗོད་ན་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་དངོས་སྒྲུབ་ལག་བསྟར་བྱེད་དགོས།
ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་པར་དང་ཐོག་ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱས་ཏེ་བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་རང་རྟོགས་ངང་ཞུན་བརྡར་གཏོང་བ། “སྲུང་སྐྱོང་གཉིས”ལས་དོན་ཁག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཅས་བྱས་ཏེ། འགན་འཁྲི་གཙང་སྒྲུབ་ཀྱིས“དོན་ཆེན་བཞིར”སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་མངོན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས།
ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ཤེས་ལྡན་པ“སྐྱོང་འདྲེན་སྤྱོད་ཉར”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱོད་ཡོན་གཉིས་ལྡན་དང་། ཕྱོགས་བཞི་མཚམས་བརྒྱད། གཞུང་དྲང་ཚུལ་མཐུན་བཅས་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་འགན་ལེན་བཅས་བྱེད་མཁས་པའི་ལས་བྱེད་པ་འདེམས་སྤྱོད་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་རྒྱུན་མཐུད་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཀྱིས་ས་མཐོར་གཞི་ཚུགས་ནས་ལས་སྒྲུབ་ལས་གཏོད་ཡོང་བར་བྱེད་དགོས།
ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། སྤྱོད་གཙང་གཞུང་དྲང་ནི་རང་ཚུགས་ཐུབ་པའི་རྩ་བ་དང་སྲིད་སྐྱོང་གི་རྨང་གཞི་རེད། བོད་ཀྱི་ཁོར་ཡུག་དམིགས་བསལ་ཡིན་ཡང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་ལེན་བསྟར་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་སྟེ་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་ལས་སྒྲུབ་ལས་གཏོད་ཐད་འཇོག་དགོས། དོ་དམ་ནན་པོ་དང་སེམས་ཁུར་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ངན་རུལ་མཉམ་བཤེར་མཉམ་བཅོས་བྱེད་ཟབ་ཏུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པར་གུས་སྐྲག་ཤེས་པ་དང་། འཛེམ་ཟོན་རྟོགས་པ། མཐའ་ཚད་སྲུང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་མདངས་ནམ་ཡང་གནས་པར་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་ལམ་ཕྱོགས་ཁྲིད་མཁན་གྱི་འགག་རྩ་དེ་རེད། རྒྱང་ལམ་གསར་པར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ལ་རྒྱུན་མཐུད་ཞུན་བརྡར་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱེད་དགོས་པའི་ལྕག་སྐུལ་བྱས་ཏེ་ལས་བྱེད་པའི་དཔུང་ཁག་གི་རྩ་འཛུགས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།