དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཞི་རིམ་གྱི་ནད་བརྟག་སྨན་བཅོས་བྱེད་ས་ཐོག་མ་དེ“ཡོད་པ”ནས“ལེགས་པའི”ཕྱོགས་སུ་ཇི་ལྟར་སྒྱུར་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པའེ་ཅན་ཧྥུང་།   |     སྤེལ་དུས།  2026-08-07

    མིག་སྔར། མི་རྣམས་ལ་མཚོན་ན་ཁྱིམ་གྱི་སྒོ་རྩ་ནས་ནད་གཞི་ལྟ་རྒྱུ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་ཅིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་བརྟག་སྨན་བཅོས་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཚད་ནང་བཟུང་བའི་བསྡུར་ཚད་ཀྱི་50%ཡན་ཟིན་ཡོད། འོན་ཀྱང་། མི་མི་ཉུང་བ་ཞིག་ལ། ཁྱིམ་གྱི་སྒོ་རྩ་ནས་ནད་གཞི་ཡག་པོ་ལྟ་ཐུབ་བམ། གཞི་རིམ་གྱི་སྨན་པའི་སྨན་བཅོས་ལག་རྩལ་ལ་བློས་འགེལ་ཆོག་གམ་ལ་སོགས་པའི་ཐེ་ཚོམ་མང་པོ་ཡོང་གི་ཡོད།

    འབྲེལ་ཡོད་སྡེ་ཚན་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ། གཞི་རིམ་གྱི་རྒྱུན་མཐོང་ནད་དང་གཅོང་ནད་སྨན་བཅོས་གང་ལེགས་ཐུབ་པར་ཤུགས་སྣོན་རྒྱག་རྒྱུ་འཇུག་སྒོར་བྱེད་པ་དང་། སྨན་བཅོས་སྤུས་ཚད་ལེགས་སུ་བཏང་ནས། མང་ཚོགས་ཀྱིས་གཞི་རིམ་དུ་ནད་བརྟག་སྨན་བཅོས་ཐོག་མ་བྱེད་པར་ཁྲིད་སྟོན་བྱས་ཡོད། འོ་ན། གཞི་རིམ་གྱི་ནད་བརྟག་སྨན་བཅོས་བྱེད་ས་ཐོག་མ་དེ“ཡོད་པ”ནས“ལེགས་པའི”ཕྱོགས་སུ་ཇི་ལྟར་སྒྱུར་དགོས་སམ་ཞེ་ན། དེའི་ཐད་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།

    ཁྱིམ་གྱི་སྒོ་རྩ་ནས“ནད་གཞི་ཡག་པོ”ལྟ་ཐུབ་བམ།

    ཀློག་པ་པོའི་དོ་ཁུར། ང་རང་རྒྱུན་དུ་སྡེ་ཁུལ་སྨན་ཁང་དུ་སྨན་ལེན་པ་དང་སྨན་ཆུ་བླུགས་པར་འགྲོ་གི་ཡོད། འོན་ཀྱང་། དེ་ག་ནས་ནད་གཞི་ཡག་པོ་ལྟ་ཐུབ་མིན་ལ་སེམས་ཁྲལ་ཡོང་གི་འདུག

    ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་གྱི་ཨ་ཅག་ཀྲང་ལགས་ཉེ་ཆར་རྟག་ཏུ་བྲང་ཁ་བསྡམས་པས། ཉེ་འགྲམ་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་སྙིང་པར་རྒྱག་པ་སོགས་ཀྱི་ཐོག་མའི་བརྟག་དཔྱད་བྱེད་པར་བསྐྱོད། སྨན་པས་འཕྲལ་དུ་ནད་བརྟག་སྨན་བཅོས་ཀྱི་གྲོས་འགོ་བཏོན་པ་དང་ཆབས་ཅིག རྒྱང་བསྟེན་ནད་བརྟག་སྨན་བཅོས་ལས་སྟེགས་བརྒྱུད། གོང་རིམ་སྨན་ཁང་དང་སྦྲེལ་མཐུད་བྱས་ནས་ནད་གཞི་བསྐྱར་དཔྱད་བྱས་པ་རེད།

    གཞི་རིམ་དུ་ནད་བརྟག་སྨན་བཅོས་ཐོག་མ་བྱེད་པའི་འགག་རྩ་ནི་སྨན་བཅོས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས། མང་ཚོགས་དེ་གར་ཡོང་འདོད་པ་དང་བློ་བདེའི་ངང་ཡོང་རྒྱུ་དེ་རེད། ཟླ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་གང་མགྱོགས་སྐྲུན་དགོས་པའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཀྲམ་ནས། རིགས་གཅིག་མཁས་ཅན་ཚོགས་པའི་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་དེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཁྱབ་པར་བྱས་ཏེ། རྒྱུན་མཐོང་ནད་དང་གཅོང་ནད་གཞི་རིམ་དུ་སྨན་བཅོས་བྱེད་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    གཞི་རིམ་གྱི་སྨན་པའི་སྨན་བཅོས་ཆུ་ཚད་ལ“བློས་འགེལ་ཆོག་གམ”

    ཀློག་པ་པོའི་དོ་ཁུར། གཞི་རིམ་གྱི་སྨན་པའི་སྨན་བཅོས་ཉམས་མྱོང་མི་འདང་བ་དང་། བརྟག་དཔྱད་བྱེད་ནོར་ཤོར་བ། ནད་གཞི་འཐུས་ཤོར་འགྲོ་བ་བཅས་ཐད་ང་རང་ལ་སེམས་ཁྲལ་ཆེན་པོ་འདུག གནད་དོན་འདི་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་ཁྲོད། གཞི་རིམ་གྱི་སྨན་པ་དང་སྨན་ཁང་ཆེ་མོའི་སྨན་པའི་འགན་འཁྲི་གཅིག་པ་མིན་ཏེ། གཞི་རིམ་གྱི་སྨན་པས་རྒྱུན་མཐོང་ནད་དང་། རྒྱུན་འབྱུང་ནད་རིགས། གཅོང་ནད་བཅས་སྨན་བཅོས་གཙོ་བོ་བྱེད་པ་དང་། སྨན་ཁང་ཆེ་མོའི་སྨན་པས་རྩད་ཆོད་དཀའ་བའི་ནད་དང་ཉེན་ཁ་ཆེ་བའི་ནད་གཙོ་བོ་སྐྱོབ་བཅོས་བྱེད་ཀྱི་ཡོད།

    གཞི་རིམ་གྱི་སྨན་པ་ཡུན་རིང་སྡེ་ཁུལ་དང་གྲོང་གསེབ་ཏུ་གཞི་ཚུགས་པས། ས་གནས་དེ་གའི་ཡུལ་མིའི་འཚོ་བའི་གོམས་གཤིས་དང་བདེ་ཐང་གི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་ཅིང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་རྒྱུན་མཐོང་ནད་གཞིའི་སྨན་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། དེ་དང་ཆབས་ཅིག གཞི་རིམ་གྱི་སྨན་པས་ད་དུང་ནད་གཞིར་གཞིགས་ཏེ་ལུགས་མཐུན་ངང་སྨན་ཁང་བསྒྱུར་ནས་ནད་གཞི་འཐུས་ཤོར་མི་ཡོང་བ་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྨན་པ་བཀའ་བཅུ་པའི་གསོ་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཤེས་ལྡན་པའི་ཆུ་ཚད་ཀྱི་ཧེ་བག་རིམ་གྱིས་ཆུང་དུ་ཕྱིན་ཡོད། ནད་སྡོད་སྨན་པ་བཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་ལམ་ལུགས་བཙུགས་པ་ལས་གཞི་རིམ་གྱི་སྨན་པའི་ཆེད་ལས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། ས་གནས་ཁག་གིས་ད་དུང་གསོ་རིག་སློབ་མ་དམིགས་བཀར་གསོ་སྐྱོང་དང་ཀུན་བཅོས་སྨན་པའི་དམིགས་བསལ་ལས་གནས་འཆར་གཞི་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཞི་རིམ་གྱི་སྨན་བཅོས་དཔུང་ཁག་ཕུན་སུམ་ཚོགས་སུ་བཏང་ནས། ནད་ཐོག་སྨན་བཅོས་ཀྱི་ཉེར་སྤྱོད་ལག་རྩལ་རྒྱུན་རྣམ་ཅན་གྱི་སྒོ་ནས་མཐོ་རུ་བཏང་ཡོད་པ་རེད།

    ཐེངས་དང་པོ་གཞི་རིམ་ནད་བརྟག་སྨན་བཅོས་བདམས་ཚེ་ད་དུང་དམངས་ཕན་གྱི་ལེགས་ཆ་གང་དག་ཡོད་དམ།

    ཀློག་པ་པོའི་དོ་ཁུར། ཁྱིམ་གྱི་སྒོ་རྩ་ནས་ནད་གཞི་བལྟས་ཚེ་ཐག་ཉེ་བ་ཕུད། སྨན་ཉོ་བ་དང་སྨན་རིན་རྩིས་ཞུ་སོགས་ཀྱི་ཞབས་ཞུ་དེ་བས་ལེགས་པ་ཡོད་དམ།

    གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་བསྐྱོད་ན་ཐག་ཉེ་བ་དང་སྟབས་བདེ་བ་ཕུད། ད་དུང་དངོས་ཕན་འདི་དག་ལོངས་སུ་སྤྱོད་ཐུབ་པ་སྟེ།

    གོང་རིམ་རིགས་གཅིག་མཁས་ཅན་གྱི་ཨང་ཀི་སྔོན་ལ་མངགས་ཐུབ། ཧྲང་ཧའེ་ལ་དཔེ་བཞག་ན་ཧྲང་ཧའེ་ཡི་སྨན་ཁང་རིམ་པ་གཉིས་པ་དང་གསུམ་པའི་སྒོ་བསྟེན་སྨན་བཅོས་ཀྱི་ཨང་ཀི་50%སྔ་སྣུར་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་སྤྲོད་ཀྱི་ཡོད། དེས་ན་གན་རྒྱ་བཞག་པའི་གྲོང་མིས་སྡེ་ཁུལ་ནས་རིགས་གཅིག་མཁས་ཅན་གྱི་སྒོ་བསྟེན་སྨན་བཅོས་ཀྱི་ཨང་ཀི་སྔོན་མངགས་ཐུབ་པ་མ་ཟད། “སྔོན་ལ་སྨན་བཅོས་དང་། སྔོན་ལ་བརྟག་དཔྱད། སྔོན་ལ་སྨན་ཁང་དུ་སྡོད་པ”བཅས་ཀྱང་ཐུབ་ཀྱི་ཡོད་པ་རེད།

    སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་དེ་བས་མང་བ་བྱེད་ཐུབ་པ་དང་སྨན་ཉོ་བར་དེ་བས་སྟབས་བདེ་ཡོད། གཞི་རིམ་གྱི་ནད་བརྟག་སྨན་བཅོས་ཐེངས་དང་པོའི་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་མཐོ་བ་དང་། ཐོག་མའི་དངུལ་སྤྲོད་ཚད་དམའ་བ། ནད་གཞི་ཚབས་ཆེན་པོ་མེད་རུང་དུས་ཡུན་རིང་པོ་སྨན་གཏོང་དགོས་པའི་ནད་པར་དུས་ཡུན་རིང་ཤོས་གཟའ་འཁོར་12ཀྱི་སྨན་ཐོ་འབྲི་ཆོག་གི་ཡོད། ཆ་རྐྱེན་འཛོམས་པའི་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་ཁང་གྲས་སུ་བཅུག་ཡོད་པས། སྨན་བཅོས་འགན་བཅོལ་གཱ་ནས་ཐད་ཀར་སྨན་རིན་རྩིས་རྒྱག་ཆོག་པ་དང་། གཞི་རིམ་ནས་སྨན་ཁང་བསྒྱུར་བའི་འགན་བཅོལ་ནང་ཞུགས་མཁན་ནད་པར་གོང་རིམ་གྱི་སྨན་ཁང་དུ་སྡོད་པའི་ཐོག་མའི་དངུལ་སྤྲོད་ཚད་མུ་མཐུད་ལག་བསྟར་བྱས་ནས་རྩིས་བརྒྱབ་ཆོག

    གཞན་ཡང་། གཞི་རིམ་དུ་ཁྱིམ་ཚང་སྨན་པ་དེ་བས་མང་བ་ཞིག་གིས་ནད་གཞི་སྔོན་འགོག་དང་ཁྱིམ་ཚང་གི་ནད་ཁྲི་སོགས་གན་འཇོག་ཞབས་འདེགས་ཞུས་པ་མ་ཟད། ད་དུང་མི་ཚོགས་མི་འདྲ་བའི་དགོས་མཁོར་གཞིགས་ནས་རང་རང་སོ་སོའི་ཁྱད་ཆོས་དང་སྣ་མང་ཅན་གྱི་གན་འཇོག་ཞབས་འདེགས་ཞུས་ཏེ། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་སྟབས་བདེའི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱེད་ཀྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།