སི་རི་ལན་ཁ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྒྱུན་མཐུད་ལེགས་སུ་བཏང་བ།
མཱ་ཡཱ·མཱ་ཀྲུའུ་ལན།
རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་ཕུགས་ཕན་ལམ་བུ་བཏོད་པ་དང་དམངས་སེམས་གཅིག་མཐུན་དང་ལས་དབང་གཅིག་མཐུན་གྱི་མཛའ་མཐུན་སྦྲེལ་ཐག་དམ་དུ་བཏང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་པ་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་་པའི་མུ་འབྲེལ་གསུང་རྩོམ་སི་རི་ལན་ཁར་དཔེ་སྐྲུན་བྱས་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་། གསུང་རྩོམ་དེ་ཉིད་སི་རི་ལན་ཁ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ཆར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་ཀྲུང་སིའི་ཀློག་པ་པོའི་འདུ་ཚོགས་ཁོ་ལོན་པོ་རུ་འཚོགས་པ་རེད། དེབ་དེའི་ནང་དོན་ཕུན་སུམ་ཚོགས་ཤིང་། དེའི་ནང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་དང་ལག་ལེན་གྱི་དོན་སྙིང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད་པ་དང་། གཏན་ཚིགས་ཚགས་དམ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཞིག་ཆགས་ཡོད། དེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པའི་ནང་གནས་ཀྱི་གཏན་ཚིགས་གསལ་སྟོན་གཏིང་ཟབ་བྱས་ཡོད་པ་རེད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་རྒྱལ་བབ་ལ་བརྩི་འཇོག་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་གནད་སྨིན་སྦྲེལ་མཐུད་བྱེད་པ་དང་། ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ཕུགས་ཕན་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་མེད་པའི་དཀའ་གནད་སེལ་བ་བཅས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་སྔར་བས་ལེགས་པའི་ངང་ཕན་པ་སྐྲུན་བཞིན་ཡོད། འཕེལ་རྒྱས་གཏོང་སྟངས་འདི་སི་རི་ལན་ཁ་ནས་ར་འཕྲོད་གང་ལེགས་བྱུང་ཡོད། དུས་ཡུན་རིང་པོའི་ནང་། མ་དངུལ་མི་འདང་བ་དང་འཛུགས་སྐྲུན་གྱི་འཇོན་ཐང་མི་འདང་བ་སོགས་ཀྱི་ཚོད་འཛིན་ཕོག་སྟབས་སི་རི་ལན་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་རེད།
སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི“མཁྲེགས་ཆས་སྦྲེལ་མཐུད”ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། སྒྲིག་སྲོལ་ཚད་གཞི་དང་། ཐོན་ལས་མཐུན་སྦྱོར། ཤེས་ལྡན་པ་སྤེལ་རེས། དམངས་འཚོ་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི“མཉེན་ཆས་སྦྲེལ་མཐུད”ཀྱང་གཏིང་ཟབ་ཏུ་བཏང་ནས། མཉེན་ཆས་དང་མཁྲེགས་ཆས་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་རྒྱག་པ་དང་སྡེབ་གཅིག་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་བཅོས་སྐྱོང་ནུས་ཕྱོད་མཐོར་གཏོང་དང་། སྲིད་ཇུས་ལམ་སྲོལ་མཐུན་སྦྱོར། གཉེར་སྐྱོང་བྱེད་པོ་ཐེ་ཞུགས། མི་ཤུགས་མ་རྩ་གསོག་འཇོག་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཚེ། གཞི་ནས་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་འདོན་ཐུབ་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་ཡོད། དེ་ནི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་སི་རི་ལན་ཁར་འཕེལ་རྒྱས་ཀྱི་བློ་སྒོ་གལ་ཆེན་ཕྱེ་ཞིང་། མཉམ་ལས་ཀྱི་རིན་ཐང་དེ་དངོས་ཚན་ལས་གྲྭའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་ཐོག་མངོན་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ། སི་རི་ལན་ཁར་ཕན་ཚུན་སྦྲེལ་མཐུད་སྔར་བས་ཤར་གཏོང་དང་། ཐོན་ལས་འགྲན་རྩོད་ཀྱི་ནུས་པ་སྔར་བས་ཆེ་བ། དཔལ་འབྱོར་མཉེན་གཤིས་སྔར་བས་བརྟན་པ་བཅས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་སྒྲིག་གཞི་གཏོད་རྒྱུར་དེ་བས་ཀྱང་རོགས་རམ་ཐུབ་རྒྱུ་རེད།
མིག་སྔར། སི་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཞིང་ལས་ཆུ་འདྲེན་དང་དམངས་འཚོའི་ཆུ་མཁོ་འདོན་སོགས“ཆུང་ལ་ལེགས་པའི”དམངས་འཚོའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་ཏེ་སི་རི་ལན་ཁའི་མང་ཚོགས་ཁྲི་བཅུ་གྲངས་ཁ་ཤས་ལ་ཕན་པ་ཐོབ་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་ཕྱིན་ཡོད།
(རྩོམ་པ་པོ་ནི་སི་རི་ལན་ཁའི“རྒྱུད་གཅིག་ལམ་གཅིག”རྩ་འཛུགས་ཀྱི་མཉམ་འབྲེལ་གསར་གཏོད་མཁན་ཡིན)
འབྲེལ་ཡོད་གསར་འགྱུར།