ཕྱི་འབྲེལ་པུས་བརྗོད་དོན།
ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་འགོག་ལས་དོན་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྲིད་གཞུང་གིས་ཁོང་ཀོ(ཅིན)གྱི་རིམས་འགོག་སྨན་བཅོས་ལ་རོགས་སྐྱོར་བྱེད་མཁན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གསུམ་པ་ཟླ་8ཚེས་1ཉིན་ཁོང་ཀོའི(ཅིན)རྒྱལ་ས་ཁེན་ཧྲ་སར་འབྱོར་ཡོད། ཚེས་4ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། མིག་སྔར་ཨའེ་པོ་ལའི་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བརྗོད།
ལིན་ཅན་གྱིས“ཨ་ཧྥེ་རི་ཁར་རེས་སྐོར་གསར་པའི་ཨའེ་པོ་ལ་རིམས་ནད་མཆེད་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བསྟུད་མར་མངགས་ནས་ཁོང་ཀོ(ཅིན)སོགས་རྒྱལ་ཁབ་ཀྱིས་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་པར་ཕྱོགས་ཁག་གི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གསུམ་པ་དེ་རིམས་ནད་རིག་པ་དང་། འཕྲོད་བསྟེན་རིམས་ནད་བརྟག་བཤེར། ནད་ཐོག་སྐྱོབ་བཅོས། ནད་རྐྱེན་ཚོད་ལྟ་ཁང་ཞིབ་དཔྱད་ཚད་ལེན་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པ་དང་། དུས་འགོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ལས་ཀའི་རྨང་གཞིའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ། ཁོང་ཀོ(ཅིན)ཕྱོགས་དང་རྒྱལ་སྤྱིའི་རྩ་འཛུགས་དབར་སྤེལ་རེས་མཐུན་སྦྱོར་མུ་མཐུད་གཏིང་ཟབ་བྱ་རྒྱུ་རེད”ཅེས་བརྗོད།
ལིན་ཅན་གྱིས། མིག་སྔར་ཨའེ་པོ་ལའི་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ཡོད་པའི་སྨན་བཅོས་ཆེད་ལས་མི་སྣའི་སྟོབས་ཤུགས་མུ་མཐུད་འདོན་སྤེལ་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁ་སྔ་ཙམ་དཀའ་གནད་ལས་སྒྲོལ་རོགས་བྱེད་འདོད་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།