ཀྲུང་གོའི་རིག་གནས་ཉམས་ལེན་བྱས། འཕེལ་རྒྱས་གསོན་ཤུགས་ཉམས་སུ་མྱངས།
ཉེ་ཆར། 2026ལོའི་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི“རིག་གནས་ཀྱི་ཕོ་ཉ་ཆུང་ཆུང”གི་སྤེལ་རེས་བྱེད་སྒོ་པེ་ཅིང་དང་ཨན་ཧུའེ་རུ་སྤེལ་བ་རེད། རྒྱལ་ཁབ་25ནས་ཡོང་བའི“རིག་གནས་ཀྱི་ཕོ་ཉ་ཆུང་ཆུང”45ཡིས་ས་ཡུལ་དངོས་སུ་ལྟ་སྐོར་འཚམས་འདྲི་དང་། རིག་གནས་སློབ་སྦྱོང་། མཉམ་འགུལ་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད། ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་དང་ཀྲུང་གོའི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཉམས་སུ་མྱངས་པ་རེད།
“རིག་གནས་ཀྱི་ཕོ་ཉ་ཆུང་ཆུང”ཚོས་པེ་ཅིང་ཅུས་ཡུང་ཀོན་ལྕགས་རི་རིང་པོའི་སྐས་རིམ་བརྒྱུད་གྲོང་འབྲེལ་ཐོག་ཁང་དུ་འཛེགས་ཏེ་རྒྱ་ཡིག་གི་ཐོག་ནས《ཆིང་ཕིང་གཡོད། ལིའུ་ཕན་རི་བོ》གྱེར་འདོན་བྱས། རོ་མ་ནི་ཡ་ནས་ཡོང་བའི་ལིན་ཨན་གྱིས“རྒྱ་ཡིག་སྦྱོང་སྐབས་ནས‘ལྕགས་རི་རིང་པོར་མ་སླེབས་ཕོ་རྒོད་མིན’ཞེས་པ་དེ་ཤེས་ཀྱི་ཡོད། ད་ཆ་རང་ཉིད་ཀྱི་བསམ་འདུན་ལྟར་ལྕགས་རི་རིང་པོར་སླེབས་སོང་། འདི་གར་གོམ་པ་གང་སྤོས་པ་ཙམ་གྱིས་ངས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་རྒྱུས་ལོན་དང་དེར་གུས་སེམས་ཟབ་ཏུ་འགྲོ་ཡི་འདུག་ཅེས་བཤད། ཨུ་རུ་སུ་ནས་ཡིན་པའི་སི་ཅེ་ཕན་གྱིས“འདི་གར་ལངས་ཚེ་ང་འཛམ་གླིང་གི་ཡང་རྩེར་སླེབས་པའི་སྣང་བ་འདུག བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོའི་བཟོ་སྐྲུན་ལ་མི་རྣམས་ཧང་སངས་དགོས་པ་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།
ཨན་ཧུའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་སྐྱོད་སྐབས། “རིག་གནས་ཀྱི་ཕོ་ཉ་ཆུང་ཆུང”ཚོས་ཀྲུང་ལུགས་གསོ་རིག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས། ལིན་ཨན་གྱིས་ད་ཐེངས་ཀྱི་ཉམས་ལེན་ལས་ཀྲུང་ལུགས་གསོ་རིག་གི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཚོར་བྱུང་ཞེས་བཤད། བྱེད་སྒོ་སྤེལ་རིང་། གཞོན་ནུ་ལོ་ཆུང་ཚོས་ཀྲུང་གོའི་སློབ་མ་དང་དེ་བཞིན་ཀྲུང་གོར་ཡོད་པའི་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མ་སོགས་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། “རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་སློབ་མ་ཚོ་དགའ་ཕྱོགས་གཅིག་པའི་དབང་གིས་མཉམ་དུ་འཛོམས་ཏེ་དེང་རབས་ཅན་གྱི་སློབ་གྲྭའི་ནང་ལོ་ངོ་སྟོང་གི་གསོ་རིག་གི་ངོ་མཚར་ཉམས་སུ་མྱོང་བར་བྲེལ། འདི་ལྟ་བུའི་ཁོར་ཡུག་གིས་ངའི་ཡིད་དབང་འཕྲོག་སོང་། ཕྱིས་སུ་ཀྲུང་གོར་ཟབ་སྦྱོང་ལ་ཡོང་བའི་གོ་སྐབས་ཐོབ་རྒྱུའི་རེ་བ་ཡོད”ཅེས་ནེ་པ་ལ་ནས་ཡོང་བའི་ཅིང་ཐེན་གྱིས་བརྗོད།
“རིག་གནས་ཀྱི་ཕོ་ཉ་ཆུང་ཆུང”ཞེས་པའི་བྱེད་སྒོ་དེ་2021ལོར་སྤེལ་ཚུན། རྒྱལ་ཁབ་70ལྷག་ཙམ་གྱི་གཞོན་ནུ་ལོ་ཆུང་1700ལྷག་ཙམ་དང་རྩ་འཛུགས་སྒྲིག་གཞི་བརྒྱ་ལྷག་ཙམ་ཧུར་ཐག་ཞུགས་ཤིང་། རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཕྱིའི་དམངས་ཁྲོད་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།