ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་བྱེད་ཐབས་མང་པོར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཉེ་བའི་ལོ་ཤས་རིང་། ཤན་རྩ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་རྫོང་ཡོངས་ཀྱི་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ནས་བསམ་བློའི་སྣེ་ཁྲིད་དང་། ལམ་སྲོལ་འཐུས་ཚང་། འཛུགས་གཏོད་ཟབ་གཏོང་། “འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ”ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕན་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
བསམ་བློའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཤན་རྩ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་ཀྱི་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། རྫོང་ཨུད་ཀྱིས་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་ཀྱི་སློབ་སྦྱོང་ཐེངས་80ལྷག་ཙམ་བྱས་པ་དང་། དཀའ་ངལ་དང་གནད་དོན་དུས་བཀག་ལྟར་ཞིབ་འཇུག་དང་ཐག་གཅོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། རྫོང་ཨུད་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་སློབ་ཚན་ནང་བཅུག་ནས་ལས་བྱེད་པ་མི་ཐེངས་120ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། “ལག་པ་ཆུང་ངུས་ལག་པ་ཆེན་པོར་འཇུ་བ”དང“གཅིག་ལ་གཅིག་གཏད། གཅིག་ལ་མང་གཏད”སོགས་ཀྱི་བྱེད་ཐབས་བརྒྱུད་འཆད་སྟེགས་ཆུང་ངུ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་གཞི་རྟེན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་རྒྱ་ཁྱབ་ངང་བྱས་པ་རེད།
འཛུགས་གཏོད་བྱེད་སྒོ་ཟབ་ཏུ་བཏང་ཞིང་། རྒྱལ་ཡོངས་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་སྐྱེད་སྲིང་དང་རེ་ཞུ་ཧུར་ཐག་བྱས་ཏེ། 2025ལོར་སྨད་པ་ཤང་མི་དམངས་སྲིད་གཞུང་དང་། རྫོང་སློབ་གསོ་ཅུས། ལུག་ཁྱུ་གྲོང་ཚོ། ཤན་རྩ་རྫོང་སློབ་ཆུང་དང་པོ་བཅས་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཐད་ཀྱི་དཔྱད་བསྡུར་རྩིས་ལེན་བྱུང་ཡོད། མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས“ལས་ཁུངས་དང་། ཤང་དང་གྲོང་རྡལ། སློབ་གྲྭ། དགོན་སྡེ་བཅས་སུ་ཁྱབ་པ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། འོས་འགན་སྨན་བཅོས་དང་དེ་བཞིན་སྨན་བཅོས་དང་སྨན་སྤྲོད་པའི་ཞབས་ཞུ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།
འགྲོ་འོང་རྒྱ་ཁྱབ་ཡོང་བར་སྐུལ་འདེད་བཏང་ཞིང་། ཀྲུང་ཤིན་ཚོགས་པས་དམངས་ཇུས་དམངས་འཚོ་ལེགས་སུ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྐྱོར་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་། ཕུགས་ལ་དམིགས་པ། དམངས་སེམས་ཐོབ་པ་བཅས་ཀྱི་རྣམ་གྲངས་གལ་ཆེན་བརྒྱ་ལྷག་ཙམ་འཛུགས་སྐྲུན་བྱས་ཡོད། སྨན་བཅོས་བོད་སྐྱོར་ཚོགས་པས་རྫོང་མི་དམངས་སྨན་ཁང་དུ་རྒྱུན་རྣམ་ཅན་གྱི་སྨན་བཅོས་ལག་རྩལ་ཐད་ཀྱི་རོགས་སྐྱོར་དོན་འཁྱོལ་བྱས་ནས་མང་ཚོགས་མི་ཐེངས་ཁྲི་1.5ལྷག་ཙམ་ལ་ཞབས་འདེགས་ཞུས་པ་མ་ཟད། རོགས་སྐྱོར་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་ཉིང་རྡུལ་གློག་པར་དང་CTསོགས་སྒྲིག་ཆས་ཆེ་གྲས་ཀྱང་ཉོས་པ་རེད། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས་ཀྱི་འཐུས་མི། གྲྭ་བཙུན་གྱི་འཐུས་མི་སོགས་སྒྲིག་འཛུགས་བྱས་ནས་ཡན་ཨན་དང་། ཙུན་དབྱི། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན་སོགས་ས་ཁུལ་དུ“ས་མཐོའི་སེ་འབྲུ་དམར་པོ”སོགས་ཀྱི་སྤེལ་རེས་བྱེད་སྒོར་ཞུགས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་དེ་བཞིན་ལྗོངས་ཕྱིའི་ས་གནས་ཁག་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།