ས་མཐོའི་བུ་ཕྲུག་པེ་ཅིང་ལ་ལྟ་སྐོར་དུ་བསྐྱོད་པ།
“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་བརྒྱད་པ་པེ་ཅིང་དུ་སློབ་སྦྱོང་དང་རྟོག་ཞིབ་ལ་བསྐྱོད་པའི་སྐོར་གྱི་ཟུར་བྲིས།

འདི་ནི་ལྟ་སྐོར་ཚོགས་པའི་ཚོགས་མིས་ཉིའུ་ཅེ་ཁྲོམ་གཞུང་གི་འགྲེལ་བཤད་རྒྱག་མཁན་ལ་ཁ་བཏགས་གཡོག་བཞིན་པ།

འདི་ནི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་བརྒྱད་པའི་ཚོགས་མིས་མི་རིགས་རིག་གནས་ཕོ་བྲང་གི་མཉམ་འགུལ་ཁུལ་དུ་ཉམས་ལེན་བྱེད་བཞིན་པ།

འདི་ནི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་བརྒྱད་པའི་ཚོགས་མི་ཉིའུ་ཅེ་ཁྲོམ་གཞུང་སྡེ་ཁུལ་གྱི་གཞོན་ནུའི་མཉམ་སྤྱོད་ལས་གཏོད་བྱ་ཡུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་བརྒྱད་པ་པེ་ཅིང་དུ་ལྟ་སྐོར་ལ་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ཤིང་། ཚོགས་མི་70ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས། ཏུ་ལུང་རིགས་བཅས་མི་རིགས་བདུན་ཚུད་ཡོད་པ་དང་། མང་ཆེ་བ་ནི་གཞི་རིམ་གྱི་གྲོང་ཚོའི་ལས་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་ཤ་སྟག་རེད།
ཁོང་ཚོས་པེ་ཅིང་འཆར་འགོད་འགྲེམས་སྟོན་ཁང་དུ་འཆར་འགོད་ཀྱི་འཆར་གཞིར་བལྟས་པ་དང་། ཐེན་ཐན་དང་གནའ་བོའི་ཕོ་བྲང་དུ་ལོ་རྒྱུས་ཤེས་རྟོགས། ཀྲུང་ཀོན་ཚུན་དུ་ཚན་རྩལ་ཉམས་ལེན་བཅས་བྱས་པ་མ་ཟད། རྒྱལ་ཁབ་རྟེན་མཛོད་ཁང་གི་རྒྱལ་ཁབ་ཀྱི་མཆོག་ནོར་ལ་ལྟ་བས་མི་ངོམས་པའི་ཚོར་སྣང་བྱུང་ཡོད།
ཐོ་རེངས་ཆུ་ཚོད་གསུམ་པར་ནམ་ལངས་མེད་ནའང་། ལྟ་སྐོར་ཚོགས་པའི་ཚོགས་མིས་སྔ་ས་ནས་རང་སོ་སོའི་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྒུག་བཞིན་བསྡད། ཞོགས་པའི་རླུང་བུ་གྲང་ངར་ཆེ་ཙམ་ཡོད་མོད། འོན་ཀྱང་ཚང་མའི་སེམས་པ་ཚ་སོབ་སོབ་ཡོད་ཅིང་། ལག་ཏུ་གཡུག་གཡུག་བྱེད་པའི་དར་དམར་ཆུང་ཆུང་དག་མི་ཚོགས་ཁྲོད་དུ་དམར་མདངས་ཤིན་ཏུ་བཀྲ་བ་ཤིག་ཏུ་གྱུར་ཡོད།
ཐོ་རེངས་ཆུ་ཚོད་4དང་སྐར་མ་57ལ་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་གྲལ་འགྲིག་པོས་བསྐྱོད་པ་དང་། བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཉན་གྱིན་ཚང་མས་བརྩེ་བ་ཟབ་མོས་སྐར་ལྔའི་དར་དམར་རིམ་གྱིས་བསྒྲེང་བར་བལྟས།
དར་ཆ་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། རུ་ཁག་གི་ཚོགས་མི་རླངས་འཁོར་ལ་བསྡད་ནས་ལྕགས་རི་རིང་པོར་སྐྱོད་འགོ་ཚུགས། ལྕགས་རི་རིང་པོའི་འདབས་སུ་སླེབས་སྐབས། ཉི་མ་ཚ་སྒང་ཡིན་པ་དང་། རྡོ་སྐས་གཟར་བས་གོམ་པ་ཁ་ཤས་སྤོས་རྗེས་དབུགས་ཧད་ཅིང་། ལོ་57ལ་སླེབས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་བྲག་སྣེ་ཤང་ཁྱམས་སྒོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ནི་རུ་ཁག་ནང་གི་ལོ་ན་ཆེ་བའི་གྲས་ཤིག་རེད། ན་གཞོན་ཚོས་ཁོང་ལ་ལྟོ་ཕད་འཁུར་རོགས་ཐེངས་འགའ་བྱས་ཀྱང་ཁོང་གིས་ལག་པ་གཡུག་གཡུག་བྱེད་བཞིན་མི་དགོས་ཞེས་བརྗོད། གོམ་སྟབས་དལ་རུང་། གོམ་པ་ཚང་མ་བརྟན་པོ་སྤོ་བས་མཐར་ཚང་མ་དང་མཉམ་དུ་རྩེ་མོར་འབྱོར།
གལ་ཏེ་ལྕགས་རི་རིང་པོ་དང་གནམ་བདེ་སྒོ་མོ་ཆེ་ནི་བརྩེ་སེམས་འཕེལ་ས་ཞིག་རེད་ཅེས་བརྗོད་ན། ཉིའུ་ཅེ་ཁྲོམ་གཞུང་དང་མི་རིགས་རིག་གནས་ཕོ་བྲང་དུ་ལྟ་སྐོར་བྱེད་པ་ནི་རྦད་དེ་མི་འདྲ་བའི་མྱོང་རོལ་བྱེད་པ་ཞིག་རེད།
སོ་ཕག་སྔོན་པོ་དང་རྫ་གཡམ་སྐྱ་བོའི་པེ་ཅིང་གི་སྲང་ལམ་དུ་ལྟ་སྐོར་ཚོགས་པའི་ཚོགས་མིས་འགྲོ་ཞོར་ཉན་ཞོར་དུ་ཟིན་བྲིས་རྒྱག་བཞིན་ཡོད། བོད་དུ་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་ཏང་ཨུད་ཀྱི་སྒྲིག་འཛུགས་ཨུ་ཡོན་ཏིང་གོ་ཆིང་གིས་ཞིབ་ཚགས་པོས་སྐད་ཆ་ཡང་ཡང་དྲིས་ཤིང་། ངོ་སྤྲོད་ཉན་རྗེས་ཁོང་གིས“བར་ཐག་ལེ་དབར་སྟོང་ཕྲག་ཆོད་ཀྱང་། གཞི་རིམ་ལས་དོན་གྱི་རྩ་བ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། ཉིའུ་ཅེ་ཁྲོམ་གཞུང་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་རེད། ང་ཚོའི་ལྷ་སའི་སྡེ་ཁུལ་གྱིས་ཀྱང་མཐུན་སྒྲིལ་ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་གྱི་ཡོད། ས་གནས་གཉིས་པོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱས་ནས་མཉམ་དུ་ཡར་རྒྱས་གཏོང་ཆོག་གི་ཡོད”ཅེས་བརྗོད།
མི་རིགས་རིག་གནས་ཕོ་བྲང་གི་ཐོག་སོ་གཉིས་ཀྱི་འགྲེམས་སྟོན་ནང་། འུན་ཤིང་ཀོང་ཇོས་བོད་དུ་བསྣམས་པའི་རོལ་ཆ་དང་རྔ་རིང་སྐེད་ཕྲ་མ་དང་། མིང་ཆིང་རྒྱལ་རབས་སྐབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ཆོས་སྲིད་ཀྱི་འགོ་འཛིན་ལ་གནང་བའི་གོང་མའི་ཕོ་བྲང་གི་ཁྱིམ་ཆས་སོགས་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་ཀྱི་འདྲ་པར་མང་པོ་ལས་ཚོགས་མི་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ངོས་འཛིན་དེ་བས་གསལ་པོ་བྱུང་ཡོད།
རུ་སྣེ་འཁྲིད་མཁན་འགན་འཁུར་བ་དང་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་མཐུན་སྒྲིལ་སྐུལ་སྤེལ་ཁྲུའི་རིམ་པ་གསུམ་པའི་བརྟག་ཞིབ་པ་ཕུར་བུ་སྒྲོལ་དཀར་གྱིས་ཉེ་ཆར་འཚོགས་པའི་ཕྱོགས་སྡོམ་ཚོགས་འདུའི་ཐོག“ཁག་བརྒྱད་པ་ནི་མི་གྲངས་མང་ཤོས་དང་། མི་རིགས་མང་ཤོས། ལས་རིགས་གྲུབ་ཆ་ཕུན་སུམ་ཚོགས་ཤོས་ཀྱི་ཚོགས་པ་ཞིག་རེད། ང་ཚོས་ཚང་མ་པེ་ཅིང་དུ་ཁྲིད་དོན་ནི་ཐོག་བརྩེགས་ཁང་ཆེན་དང་རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་པ་ཙམ་མ་ཡིན་པར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བར་ཐག་ཉེ་པོས་མེས་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ཚོར་བ་དང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཆེད་ཡིན”ཞེས་གསར་འགོད་པར་བརྗོད།
འབྲེལ་ཡོད་གསར་འགྱུར།