རྒྱལ་ཁབ་ས་ཆའི་བདེ་འཇགས་ལེགས་པར་བསྲུངས། ཁྱིམ་གཞིས་བསྐྲུན་ནས་བདེ་སྐྱིད་འཚོ་བ་བཏོད།
མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་གི་དམག་ཞབས་ཐིམས་པའི་དམག་མི་བུ་སྤུན་གསུམ་ཕ་ཡུལ་དུ་ལོག་ནས་མཐའ་སྲུང་མཐའ་དར་ལས་ལ་གཞོལ་བའི་གཏམ་རྒྱུད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་རི་བོ་མཐོ་ཞིང་སྨུག་སྤྲིན་སྟུག་པ་དང་། སྔོ་ལྗང་ནགས་ཚལ་ཁྲོད་དུ་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡོད་པ་དེར་ལེགས་པོ་རོང་ཞེས་ཟེར། ཡུལ་དེའི་མོན་པ་རིགས་ཀྱི་མང་ཚོགས་ཁྲོད་རང་ཡུལ་གྱི་གཅེན་གཅུང་གསུམ་དམག་ཞབས་ཐིམས་ནས་ཕ་ཡུལ་དུ་ལོག་པའི་གཏམ་རྒྱུད་ཁྱབ་ཅིང་། བསྟན་འཛིན་རྒྱ་མཚོ་དང་། ཚེ་རིང་སྲི་ཐར། རྡོ་རྗེ་བསྟན་འཛིན་གཅེན་གཅུང་གསུམ་པོས་སྔ་རྗེས་སུ་དམག་ཆས་སྤྲས་ཏེ་དམག་སྒར་དུ་བསྐྱོད་པ་དང་། དམག་ཞབས་ཐིམས་རྗེས་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་གྱི་ལས་ལ་གཞོལ།
དམག་སྒར་ནས་གྲོག་རོང་བར།
ལེགས་པོ་རོང་ནི་མཚོ་སྣ་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་། གྲོག་རོང་གི་མཐིལ་དུ་ས་བབ་སྨི་2400ལྷག་ཙམ་དང་ལ་ཁར་ས་བབ་སྨི་5000ལྷག་ཡོད་པར་ནགས་ཚལ་ཁྱབ་ཧ་ཅང་ཆེན་པོ་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་བར་ཐག་རིང་པོ་མེད་པ་རེད།
གཅེན་གཅུང་གསུམ་པོའི་པ་ཕས་སྔོན་ཆད་མོན་པ་མི་རིགས་ཤང་གི་ཤང་ཀྲང་བྱེད་མྱོང་ཡོད་པ་མ་ཟད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རྩོད་གཞི་འདུམ་འགྲིག་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལམ་དང་ཟམ་པ་སོགས་སྐྲུན་མྱོང་། ལོ་30ཡི་གོང་། པ་ཕ་སྟབས་མ་ལེགས་པར་ཚེ་ལས་འདས་པས་སྐབས་ཤིག་རིང་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད། འོན་ཀྱང་པ་ཕའི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་དང་ཁ་སྤྲོད་ཀྱི་དམག་སྒར་ནས་གྲགས་འོང་བའི་འབོད་སྒྲ་གཅེན་གཅུང་གསུམ་གྱི་དྲན་པའི་ངོས་སུ་མ་བརྗེད་པར་གནས་ཡོད།
2007ལོར་གཅེན་པོ་བསྟན་འཛིན་རྒྱ་མཚོ་དམག་ནང་ཞུགས་པ་དང་མངའ་རིས་སུ་བསྐྱོད་དེ་མཐའ་སྲུང་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཞིག་ཏུ་གྱུར། ས་མཐོར་བྱེ་རླུང་ཆེན་པོ་ལྡང་ནས་སོ་ལྟ་སྐོར་གཡེང་བྱེད་སྐབས་དཀའ་ངལ་ཆེན་པོ་ཡོད་ལ། ལོ་གཉིས་རིང་གི་དཔུང་སྡེའི་འཚོ་བ་ལས་ཁོང་གི་སེམས་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད། དམག་ཞབས་ཐིམས་རྗེས་ཁོང་གིས་ལྷོ་ཁ་གྲོང་ཁུལ་དུ་ལོ་ཤས་རིང་ལས་རོགས་ཉེན་རྟོག་པའི་རྩལ་ཁྲིད་པ་བྱས་པ་དང་ཡོང་འབབ་ཀྱང་བརྟན་པོ་ཡོད་མོད། འོན་ཀྱང་སེམས་པ་ལྷོད་པར་གཏན་ནས་སྡོད་མྱོང་མེད། 2015ལོར་ཁོང་གིས་ལས་དགོངས་ཞུས་ནས་ཕ་ཡུལ་དུ་ལོག
གཅེན་པོའི་རྗེས་སྙེགས་ཏེ་འབྲིང་བ་ཚེ་རིང་སྲི་ཐར་དམག་ལ་ཞུགས་ནས་རང་སྐྱོང་ལྗོངས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འཐབ་འཛིང་པ་ཞིག་ཏུ་གྱུར། དམག་ཞབས་ཐིམ་རྗེས་ཁོང་གིས་མཚོ་སྨད་རྫོང་དུ་ལས་རོགས་ཉེན་རྟོག་པ་བྱས་ནས་ལོ་མང་བསྡད་ལ། 2015ལོར་ཁོང་ཡང་ལེགས་པོ་རོང་དུ་ལོག
ཆུང་ཤོས་རྡོ་རྗེ་བསྟན་འཛིན་2018ལོར་ལྷ་ས་ལས་རིགས་ལག་རྩལ་སློབ་གླིང་གི་རླངས་འཁོར་ཉམས་བཟོའི་ཆེད་ལས་ནས་ཐོན་རྗེས་དམག་མིར་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་། དེ་ལྟར་བུ་སྤུན་གསུམ་པོས་སྔ་རྗེས་སུ་དམག་གོས་གྱོན། དམག་ཞབས་ཐིམས་རྗེས་ཁོང་གིས་ལྷོ་ཁར་ཆེད་བསྐོས་མེ་ཟོན་མི་སྣ་བྱས་ཏེ་མེ་གསོད་པར་འགྲོ་མྱོང་ཡོད་ལ་མི་ཡང་སྐྱོབ་མྱོང་ཡོད། མཐར་ཁོང་ཡང་ལེགས་པོ་རོང་དུ་ལོག
གཅེན་པོ་བསྟན་འཛིན་རྒྱ་མཚོ།
ཕ་ཡུལ་དུ་ལོག་ནས་ལོ་ཁ་ཤས་ནང་བསྟན་འཛིན་རྒྱ་མཚོའི་བྱ་གཞག་ལམ་ལྷོངས་དེ་ཙམ་བྱུང་མེད། ཁོང་གིས་གཉེར་བའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ལ་སྐུ་མགྲོན་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། སླར་ཡང་དངུལ་བུན་གཡར་ནས་ལྕགས་གཞོང་རླངས་འཁོར་ཉོས་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་ནས་ཨར་ལས་རུ་ཁག་ལ་ཨར་འདམ་དབོར་གྱི་ཡོད་པས། ལུས་ལ་གནམ་དྭངས་སྐབས་ཐལ་རྡུལ་དང་ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། དཀའ་སྡུག་ཇི་ལྟར་འཕྲད་རུང་ཁོང་ཡིད་ཐང་ཆད་ནས་གཏན་ནས་སྡོད་མྱོང་མེད། དམག་དཔུང་ནས་ཞུན་བརྡར་ཐེབས་པའི་སེམས་ཤུགས་ཡོད་ཚད་ལས་ཀ་དེའི་སྟེང་སྤྱད་ཡོད།
2023ལོའི་ལོ་མཇུག་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཁོང་གིས་ལག་ཐོགས་ཁ་པར་གྱིས་བརྙན་ཐུང་པར་ལེན་དང་ཐད་གཏོང་བྱེད་འགོ་ཚུགས། ཚོགས་པ་མེད་ལ་སྐད་ཆ་ཤོད་པར་དེ་ཙམ་མཁས་པོ་མེད། འོན་ཀྱང་ཁོང་གིས་པར་ཆས་ནང་ལེགས་པོ་རོང་གི་རྒྱུན་གཏན་གྱི་འཚོ་བ་སྟེ། གྲོག་རོང་ནས་རྒྱུ་བའི་སྨུག་སྤྲིན་དང་། ཇ་ཤིང་སྟེང་གི་ཟིལ་པ། མོན་པ་རིགས་ཀྱི་བགྲེས་སོང་ཚོས་བླངས་པའི་ས་དམར་ཆང་གཞས་སོགས་པར་དུ་བླངས་པ་རེད།
ལེགས་པོ་རོང་གི་ཇ་ལོར་སྐད་གྲགས་ཆེ་ཙམ་ཡོད། བསྟན་འཛིན་རྒྱ་མཚོས་ཇ་འཐུ་བ་དང་ཇ་བརྔོ་བའི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱེད་ཀྱི་ཡོད། དྲ་གྲོགས་ཀྱིས་བརྙན་ཤེལ་བརྒྱུད་ཇ་ལོ་སོས་པ་ཁྲོ་ཡི་ནང་ཡང་སྐོར་བསྐྱར་སྐོར་གྱིས་དཀྲུག་དཀྲུག་གཏོང་བ་དང་ཇ་འདེབས་ཞིང་པའི་དཔྲལ་བའི་ཐོག་གི་རྔུལ་ཆུ་སོགས་དངོས་སུ་མཐོང་བ་དང་། མངགས་ཐོ་ཡང་མང་པོ་འབྱོར་ནས་ཉོ་མཁན་མང་དུ་ཕྱིན་ཡོད།
འོན་ཀྱང་ཁོང་ལ་ཕུགས་འདུན་ཆེན་པོ་ཞིག་ཡོད་ཅིང་། ད་ལྟ་ཁོང་གི་གཙོ་ལས་ནི་སྐྱེལ་འདྲེན་དང་ཞོར་ལས་ནི་ཐད་གཏོང་ཡིན་ཡང་། ལམ་དེ་བས་ཡག་པོ་བཟོས་ནས་ཡུལ་སྐོར་བ་མང་དུ་ཕྱིན་ཚེ་ཁོང་གིས་ཡར་སྔོན་གྱི་ལས་རྒྱུན་བསྐྱངས་ནས་དམངས་སྲོལ་གནས་ཚང་ཡག་པོ་གཉེར་འདོད་པ་རེད། “ཐད་གཏོང་བྱེད་དོན་ནི་ཕྱི་རོལ་མི་རྣམས་ཀྱིས་ལེགས་པོ་རོང་མཐོང་ཆེད་དང་། ལམ་བཟོ་བ་ནི་ཕྱི་རོལ་མི་རྣམས་ལེགས་པོ་རོང་དུ་ཡོང་ཆེད། དམངས་སྲོལ་གནས་ཚང་གཉེར་དོན་ནི་ཕྱི་རོལ་མི་རྣམས་ལེགས་པོ་རོང་དུ་སྡོད་ཆེད་རེད”
འབྲིང་བ་ཚེ་རིང་སྲི་ཐར།
ཚེ་རིང་སྲི་ཐར་ཕ་ཡུལ་དུ་ལོག་རྗེས་ཤང་གི་སྤྱི་ཕན་ནགས་ཚལ་བདག་སྐྱོང་ས་ཚིགས་ཀྱི་ཆེད་བསྐོས་ནགས་སྲུང་པ་དང་མཐའ་སྲུང་བ་གཅིག་ལྕོགས་སུ་གྱུར་ཡོད། ལེགས་པོ་རོང་དུ་གདོད་མའི་ནགས་ཚལ་མུའུ་ཁྲི་36ཡོད་ཅིང་། རི་མཐོ་ཞིང་གྲོག་རོང་གཟར་བ་དང་ནགས་ཚལ་སྟུག་ཅིང་ལམ་གཟར་པོ་ཡོད། ཁོང་གིས་འགན་ཁུར་བའི་སྐོར་སྲུང་ལམ་ཐིག་ཁྲོད་རིང་ཤོས་ལ་སྤྱི་ལེ་45ཡོད་པ་དེར་ཞོགས་པ་ནམ་མ་གསལ་གོང་ནས་བསྐྱོད་ཚེ་དགོང་མོ་ས་རུབ་དུས་གཞི་ནས་ཕྱིར་ལོག་ཐུབ་ཀྱི་ཡོད།
དབྱར་ཁར་ཨར་སྐྲུན་རུ་ཁག་དང་མཉམ་དུ་ཨར་སྐྲུན་བྱེད་རིང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་མི་ཕོག་པ་བྱེད་པ་དང་། ལྗོན་ཤིང་གི་སྐྱེ་འཚར་ལ་ལྟ་བ་དང་ཕྱིའི་དངོས་རིགས་སིམ་འཛུལ་ལ་སྔོན་འགོག་ཚོད་འཛིན་བྱེད་པ་མ་ཟད། དེ་བས་གལ་འགངས་ཆེ་ཤོས་ནི་ཤིང་སྡོང་དང་བྲག་ལྡེབས་སུ་རྒྱལ་དར་བཀལ་ནས་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མངོན་གསལ་དོད་པར་བྱེད་ཀྱི་ཡོད།
ཁོང་གིས“སྔོན་ཆད་མཐའ་མཚམས་སྐོར་གཡེང་བྱེད་སའི་ལམ་ཆུང་དུ་འདམ་རྫབ་ཀྱིས་ཁེངས་ནས་པུས་མོ་ཙམ་བར་འདམ་བག་གིས་འཚོས་ཀྱི་ཡོད། ད་ཆ་ལམ་མང་པོ་ཞིག་ཏུ་རླངས་འཁོར་གཏོང་ཐུབ་པ་དང་རྒྱལ་ཁབ་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་བར་ལམ་བཏིང་ཡོད”ཅེས་བཤད། 2015ལོ་ནས་ད་བར་ཁོང་གིས་སྐོར་སྲུང་བྱེད་མཚམས་གཏན་ནས་འཇོག་མྱོང་མེད།
ཆུང་བ་རྡོ་རྗེ་བསྟན་འཛིན།
རྡོ་རྗེ་བསྟན་འཛིན་ཕ་ཡུལ་དུ་ལོག་རྗེས་སྔ་རྗེས་སུ་མཐའ་སྲུང་བ་དང་དྲ་མིག་པ་བྱེད་མྱོང་བ་དང་། དཔུང་སྡེའི་གོམས་གཤིས་ད་དུང་ཡང་བསམ་སྤྱོད་ཀུན་ཏུ་འཇགས་ནས། འཚོ་བ་ལྷོད་ལ་བབ་ཀྱང་ཁོང་གིས་ད་དུང་ལས་དོན་དེ་བས་མང་བ་སྒྲུབ་འདོད་ཡོད་པ་རེད།
མཚོ་སྣ་གྲོང་ཁྱེར་དུ་བསྐྲུན་ཞིང་། མག་མག་མོན་པ་མི་རིགས་ཤང་གི་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་བསྟུན་ནས་ལས་ཡུལ་དུ་སྔོག་འཕྲུལ་དང་། ས་བླུག་འཕྲུལ་འཁོར། ས་འབུད་འཕྲུལ་འཁོར་བཅས་ཕར་འགྲོ་ཚུར་འོང་བྱེད་ཅིང་། རྡོ་རྗེ་བསྟན་འཛིན་རླངས་འཁོར་ཉམས་བཟོའི་ཆེད་ལས་ནས་སློབ་ཐོན་བྱུང་ལ་དཔུང་སྡེར་ཡང་འཕྲུལ་ཆས་བདག་སྐྱོང་དང་ཉམས་གསོ་བྱེད་མྱོང་བས་ཁོང་གིས་འཕྲུལ་འཁོར་གྱི་ལས་ཀ་དེ་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད།
གཅེན་གཅུང་མིང་སྲིང་ཚོའི་རོགས་རམ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དངུལ་བསྣན་ནས་ཁོང་གིས་སྔོག་འཕྲུལ་ཅིག་ཉོས་པ་དང་ཕྱིས་སུ་ད་དུང་ས་བླུག་འཕྲུལ་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཉོས་ཏེ་འཕྲུལ་ཆས་བོགས་གཏོང་ཀུང་སི་བཙུགས་ཡོད། ལོ་འགའ་ཤས་ནང་ཀུང་སིས་ཤང་གི་ཇ་ཞིང་ར་བ་རྒྱས་སྐྲུན་དང་། འགྲོ་ལམ་མཁྲེགས་འགྱུར། ཆུ་རགས་ཉམས་བཟོ་སོགས་ཀྱི་ལས་གྲྭ་དང་ད་དུང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རིམ་སྤོར་ལས་གྲྭ་སོགས་ནང་ཞུགས་པ་ཚང་མ་ཡང་འཕྲུལ་ཆས་དེ་དག་དང་ཁ་འབྲལ་ཐབས་མེད།
དམག་སྒར་གྱི་བག་ཆགས་དེ་གཅེན་གཅུང་གསུམ་གྱི་བྱ་སྤྱོད་ཚང་མའི་ནང་ཉར་ཚགས་བྱས་ཡོད་ལ། དེ་བས་འཚོ་བའི་རྒྱུན་གཏན་ནང་མཉམ་འདྲེས་དང་མཐའ་བརྟན་མཐའ་དར་གྱི་བྱ་སྤྱོད་ནང་མཉམ་འདྲེས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།