ས་མཐོའི་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་200ལྷག་ཙམ་སྐྱེལ་འདྲེན་བྱས་པ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ཉིན་དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་ནས་ཟླ་7ཚེས་31ཉིན་བར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་216.2ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་264.9ཟིན་ནས་འགྲུལ་པ་དང་དངོས་ཟོག་གཉིས་ཀ་འཕར་བའི་རྣམ་པ་མངོན་ཡོད་པ་རེད།
དབྱར་གསེང་གི་དུས་ཕྱེད་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་གྲངས་གཞིའི་ཐོག་ནས་བལྟས་ན། འདི་ལོ་ས་མཐོའི་ལྕགས་ལམ་ནས་དབྱར་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་བ་རྒྱུན་འཁྱོངས་ཐུབ་པ་དང་། སློབ་མ་གུང་གསེང་རིང་ཕ་ཡུལ་དུ་ལོག་པ་དང་། གཉེན་ཉེ་ཐུག་འཕྲད་དང་གྲོགས་པོ་ཐུག་འཕྲད། ས་མཐོར་ཡུལ་སྐོར། དབྱར་དུས་ཚ་གཡོལ་ཡུལ་སྐོར་བཅས་མཉམ་དུ་འཁེལ་བས་དུས་ཡུན་རིང་བ་དང་། འཚང་ཁ་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་རྒྱུན་གྱི་ཆོས་ཉིད་གནད་སྨིན་བརྡར་གཅོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེལ་འདྲེན་བྱེད་ཤུགས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ། “སྔོན་གཏན་འཁེལ་བའི་མེ་འཁོར་ཆ་ཚང་འཁོར་སྐྱོད་དང་གནས་སྐབས་ཡུལ་སྐོར་མེ་འཁོར་སྐབས་བསྟུན་སྣོན་པ་ཟུང་དུ་འབྲེལ་བའི”སྐྱེལ་འདྲེན་བྱེད་སྟངས་ལག་བསྟར་བྱས་ནས། “18+1”གི་སྡེབ་སྒྲིག་བྱེད་སྟངས་ལག་བསྟར་དང་གནས་སྐབས་ཡུལ་སྐོར་མེ་འཁོར་མང་དུ་བཏང་ནས་བོད་དུ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་གྱི་འགྲུལ་པ་མང་ཤོས་དུས་སུ་མེ་འཁོར་མང་དུ་བཏང་སྟེ། འགྲུལ་པའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།