དུས་རབས་བརྒལ་བའི་མཛའ་གཅུགས་ཟབ་མོ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཅིང་ཅིང་། ཀྲང་ཅན། ལི་ཆིན་ཧྥང་།
“2010ལོར། སྐབས་དེ་དུས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་གིས་ལོ་སིར་འཚམས་འདྲི་གནང་སྐབས། ཆེད་མངགས་པུན་ཧྲེ་ནཱའི་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣར་མཇལ་འཕྲད་ཆུ་ཚོད་གཅིག་ལྷག་ཙམ་གནང་རྒྱུའི་བཀོད་སྒྲིག་གནང་ནས་ང་ཚོས་ལོ་ཀྲུང་མཛའ་གྲོགས་བྱ་གཞག་ཆེད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་མུ་མཐུད་འདོན་རྒྱུའི་ཐུགས་རེ་གནང་བྱུང་། དེ་ནི་ང་རང་ཙམ་མ་ཚད་ང་ཚོའི་ཁྱིམ་རྒྱུད་ཀྱི་གཟི་བརྗིད་ཆེན་པོ་ཞིག་ཀྱང་ཡིན”ཞེས་ལོ་སིའི་རྒྱལ་ཁབ་ཀྲུའུ་ཞིའི་ལས་ཤག་གི་པུའུ་ཀྲང་ཟུར་པ་ཁའེ་མཱ་ཉི·པུན་ཧྲེ་ནཱ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
པུན་ཧྲེ་ནཱ་ཁྱིམ་རྒྱུད་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀྲུང་ལོའི་དབར་ཕྱི་འབྲེལ་མ་བཙུགས་གོང་གི་1961ལོར་ལོ་སིའི་གསར་བརྗེའི་སྔོན་བྱོན་པ་དང་། སྐབས་དེར་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་བཞིན་པའི་ཀུའེ་ཉིང·པུན་ཧྲེ་ནཱ་ཡིས་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་ནས་ཀྲུང་གོའི་འགོ་ཁྲིད་རྒན་རབས་རྣམས་དང་མཛའ་གཅུགས་ཟབ་མོ་བཙུགས་ཏེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཁའེ་མཱ་ཉི་ནི་ཀུའེ་ཉིང་གི་བུ་མོ་ལྔ་པ་དེ་རེད། དུས་རབས་གོང་མའི་ལོ་རབས་60པར་ཁའེ་མཱ་ཉི་ཡིས་ཁོང་གི་སྤུན་ཟླ་གཅེན་གཅུང་7དང་མཉམ་དུ་པེ་ཅིང་ཅིན་ཡུས་སྲང་ལམ་དུ་འཚོ་བ་ལོ་མང་བསྐྱལ་བ་དང་། 1970ལོར་གཞི་ནས་པེ་ཅིང་ནས་ཁ་བྲལ། ཁོང་ཚོས་སྔ་རྗེས་སུ་པེ་ཧའེ་བུ་བཅོལ་ཁང་དང་། ཧྲི་ཅ་སྲང་ལམ་སློབ་ཆུང་། བརྒྱད་གཅིག་སློབ་གྲྭ་བཅས་སུ་སློབ་སྦྱོང་བྱས་ལ། བརྒྱད་གཅིག་སློབ་གྲྭར་ཁོང་ཚོ་དང་སློབ་གྲྭ་འགྲིམ་བཞིན་པའི་ཞི་ཅིན་ཕིང་ངོ་ཤེས་ནས་དུས་རབས་བརྒལ་བའི་མཛའ་གྲོགས་ཀྱི་འབྲེལ་བའི་འགོ་བཙུགས།
ཁའེ་མཱ་ཉི་ཡིས་ཀྲུང་གོའི་སྲིད་གཞུང་གིས་ཁོང་ཚོར་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གི་སེམས་སུ་པེ་ཅིང་དུ་སྡོད་རིང་གི་བྱིས་དུས་ཀྱི་འཚོ་བ་ནི་ཆེས་མཛེས་སྡུག་ལྡན་པའི་དྲན་ཤེས་ཤིག་རེད།
“2017ལོར། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིར་རྒྱལ་དོན་འཚམས་འདྲི་གནང་རིང་ཝན་ཐེན་དུ་བཞུགས་སའི་གསོལ་མགྲོན་ཁང་ནས་ང་ཚོར་མཇལ་འཕྲད་གནང་སྟེ། ང་ཚོས་མུ་མཐུད་ཀྲུང་ལོའི་མཛའ་གྲོགས་བྱ་གཞག་ནང་ཞུགས་པ་དང་བུ་རབས་ཚ་རྒྱུད་རྣམས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཤུལ་འཛིན་པར་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་ཐུགས་རེ་གནང་བྱུང་། མཇལ་འཕྲད་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུན་ཧྲེ་ནཱ་ཁྱིམ་རྒྱུད་ཀྱི་ཕྲུ་གུ་ཚོས་གྱོན་པའི་ཤུར་མའི་གོས་ཐུང་རྫ་མདོག་ནས་པུན་ཧྲེ་ནཱ་གཅེན་གཅུང་ཚོས་སློབ་གྲྭར་གཙང་སྦྲ་བྱེད་པའི་རྣམ་པ་སོགས་བར་པུན་ཧྲེ་ནཱ་ཁྱིམ་རྒྱུད་པེ་ཅིང་དུ་སྡོད་སྐབས་ཀྱི་འཚོ་བ་དང་བརྒྱད་གཅིག་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་ཀྱི་འདས་དོན་མང་པོར་ཕྱིར་དྲན་གནང་སོང”ཞེས་ཁའེ་མཱ་ཉི་ཡིས་བརྗོད།
“པུན་ཧྲེ་ནཱ་ཁྱིམ་རྒྱུད་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གཏམ་སྙན་ཞིག་ཏུ་གྱུར་ཟིན་ཞིང་། དེ་ནི་རྒྱལ་ཁབ་དབར་འདྲ་མཉམ་དང་བརྩེ་སེམས་ཟབ་མོ་འཆང་བའི་དཔེ་མཚོན་ཞིག་ཡིན” ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་ཚོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པའི་མཛའ་གྲོགས་འགྲོ་འོང་གི་སྲོལ་རྒྱུན་ལོ་རྒྱུས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་མུ་མཐུད་གཅིག་སེམས་གཅིག་གཏད་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། སྲོལ་རྒྱུན་གྱི་མཛའ་གཅུགས་རྒྱུན་འཛིན། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་ལོའི་མཛའ་གྲོགས་བྱ་གཞག་ཆེད་རྒྱུན་ཆད་མེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས”ཞེས་ནན་བཤད་གནང་ཡོད།
2025ལོར། ཁའེ་མཱ་ཉི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཉམ་དུ་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་འབྲེལ་ལས་དོན་འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་མཇལ་འཕྲད་བྱུང་ཡོད། “འཐུས་མི་ཚོགས་པར་མི་མང་པོ་ཡོད་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ལམ་སེང་ངོ་མཁྱེན་ནས། ང་ལ་བཀའ་མོལ་ཚིག་ཁ་ཤས་ཀྱང་གསུངས་བྱུང”ཞེས་ཁའེ་མཱ་ཉིས་དགའ་ཚོར་ཆེན་པོས་ཕྱིར་དྲན་བྱས།
ལོ་སི་ནི་ཀྲུང་གོའི་གྲོགས་པོ་བློས་ཐུབ་ཅིག་ཡིན། པུན་ཧྲེ་ནཱ་ཁྱིམ་རྒྱུད་ཀྱིས་ཀྲུང་ལོའི་མཛའ་གྲོགས་ཕོ་ཉ་དང་འབྲེལ་ཟམ་གྱི་འགན་འཁུར་བཞིན་ཡོད། པུན་ཧྲེ་ནཱ་ཁྱིམ་རྒྱུད་ཀྱི་ཁོངས་མི་ཞིག་ཡིན་པའི་ཁའེ་མཱ་ཉི་ཡིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། རྒྱལ་ཁབ་གཉིས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་དཔང་པོ་བྱས་ཡོད།
ཀྲུང་ལོ་ལྕགས་ལམ་ནི་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་རྣམ་གྲངས་གཙོ་བོ་ཞིག་རེད། 2017ལོར་ལོ་སིར་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་ནས་ཀྲུང་ལོའི་ལྕགས་ལམ་ནི“ལོ་སིར་འཐབ་ཇུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ནན་བཤད་གནང་ཞིང་། ཁའེ་མཱ་ཉིར་དེའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། “2021ལོའི་ཟླ་12ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་བརྙན་ལམ་ནས་ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་པའི་མཛད་སྒོར་ལྷན་དུ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁུན་མིང་ནས་ཝན་ཐེན་བར་རི་མཐོ་གཡང་གཟར་བརྒྱུད་དགོས་མེད་ལ་ལམ་ཐག་ཡང་སྔོན་ལྟར་རིང་པོ་མེད་ཅེས་གསུངས། ལོ་ཤས་རིང་ང་ཚོར་མྱོང་ཚོར་དེ་འདྲ་ཞིག་དངོས་གནས་བྱུང་། ལོ་ཀྲུང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཝན་ཐེན་ནས་ལོ་སིའི་བྱང་རྒྱུད་ཞིང་ཆེན་བར་གྱི་འགྲོ་སྐྱོད་དུས་ཚོད་ཐུང་དུ་ཤུགས་ཆེན་ཕྱིན་པ་དང་། ལོ་སི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྐུལ་མ་ཆེན་པོ་ཐེབས་ཡོད། ལོ་ཀྲུང་ལྕགས་ལམ་ཡོད་པས་ང་ཚོ་ལོ་སི་ནས་མེ་འཁོར་ལ་བསྡད་དེ་ཀྲུང་གོར་ཡང་སེ་ཡོང་ཆོག དུས་ཚོད་ཡོད་ན་ང་རང་ད་དུང་ངེས་པར་དུ་ཀྲུང་གོར་མང་ཙམ་ཡོང་གི་ཡིན་ཞེས་ཁའེ་མཱ་ཉིས་བཤད།
གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་6ཚེས་1ཉིན་བར་ཀྲུང་ལོ་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱིས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་84ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད། རིམ་རྩིས་བརྒྱབ་ན། ལམ་ཐིག་ཧྲིལ་པོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་8400ལས་བརྒལ་བའི་ནང་རྒྱལ་སྒྲོལ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1900ལས་བརྒལ་ཡོད།
ད་ལོ་ནི་ཀྲུང་ལོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་དང“ཀྲུང་ལོའི་མཛའ་གྲོགས་ལོ”ཡིན་ཞིང་། ཁའེ་མཱ་ཉི་ཡིས“ད་ཆ་ནི་ལོ་ཀྲུང་འབྲེལ་བ་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཡིན། ང་ཚོས་གོ་སྐབས་དེ་དང་བསྟུན་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བའི་རྒྱུན་བསྐྱངས་ཏེ། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།