མོ་ཙམ་པི་ཁེའི་ཙུང་ཐུང་གིས་བརྗོད་དོན།
རྒྱལ་ཁབ་ཕྱི་ནད་ཚན་ཁག་ལྟེ་གནས་ནི་མོ་ཀྲུང་འཕྲོད་བསྟེན་མཉམ་ལས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད།
ཚེས་3ཉིན། ཀྲུང་གོས་མོ་ཙམ་པི་ཁེར་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ཕྱི་ནད་ཚན་ཁག་ལྟེ་གནས་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་མོ་ཙམ་པི་ཁེའི་རྒྱལ་ས་མོ་ཕུ་ཐོ་རུ་འཚོགས་པ་རེད། མཛད་སྒོར་ཞུགས་པའི་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་ཡིས་ཤིས་ཚིག་སྒྲོན་སྐབས། རྣམ་གྲངས་དེ་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།
ཁྲ་པོ་ཡིས་བརྗོད་དོན། ལོ་བཅུ་གྲངས་རིང་མོ་ཀྲུང་རྒྱལ་ཁབ་གཉིས་དབར་རོགས་ཟླའི་འབྲེལ་བ་བརྟན་པོ་བཙུགས་པ་དང་། འབྲེལ་བ་དེ་ནི་ཕན་ཚུན་བརྩི་འཇོག་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་བཙུགས་པ་ཡིན། ཀྲུང་གོས་མོ་ཙམ་པི་ཁེར་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ཕྱི་ནད་ཚན་ཁག་ལྟེ་གནས་ཀྱི་རྣམ་གྲངས་དེ་མོ་ཙམ་པི་ཁེའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་འགྱུར་རྒྱུ་ཡིན་པ་དང་། མོ་ཙམ་པི་ཁེའི་དམངས་ཚོགས་དེ་བས་མང་བས་རང་རྒྱལ་ཁབ་ནས་ཆེད་ཚན་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།
མོ་ཙམ་པི་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེང་ཤོན་གྱིས་བརྗོད་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་གནས་བབ་གལ་ཆེན་ཐོག་འཇོག་པ་མཐའ་འཁྱོངས་བྱེད་ལ། མོ་ཙམ་པི་ཁེའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཡང་བྱས་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་མངགས་པ་ནས་ཏོག་གསར་རིམས་ནད་ལ་འགོག་རྒོལ་གྱི་མཉམ་ལས་བྱེད་པ་དང་། དེ་ནས་སྨན་བཅོས་ལག་རྩལ་གསོ་སྦྱོང་མུ་མཐུད་བྱེད་པ་དང་སྨན་བཅོས་ཡོ་ཆས་དང་སྨན་རྫས་རོགས་སྐྱོར་བྱེད་པ་བཅས་བར། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མོ་ཙམ་པི་ཁེ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་མོ་ཕུ་ཐོ་གྲོང་ཁྱེར་མོ་ཕུ་ཐོ་ལྟེ་བའི་སྨན་ཁང་དུ་ཡོད་པ་དང་། རྣམ་གྲངས་དེའི་ནང་གསར་དུ་བསྐྲུན་པའི་ཕྱི་ནད་ཚན་ཁག་གི་ལྟེ་བའི་ཐོག་ཁང་སྟར་པ་1དང་ཡོ་ཆས་སྤྱོད་སའི་ཁང་པ་སྟར་པ་2ཚུད་ཡོད། ཕྱི་ནད་ཚན་ཁག་གི་ལྟེ་བའི་ཐོག་ཁང་དུ་འཕྲལ་བཅོས་མྱུར་སྐྱོབ་ཚན་ཁག་དང་། བརྙན་པར་ཚན་ཁག སྨན་རྫས་ཁང་། བརྟག་དཔྱད་ཁང་། གཤགས་བཅོས་ཁང་སོགས་སྨན་བཅོས་ནུས་པའི་ཁུལ་ཁོངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།