ཉིང་ཞ་ཤིས་ཅི་རྫོང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་བ།
གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད། གྲོང་གསེབ་ཐོན་ལས་འཕེལ་རྒྱས་བཏང་།
འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡོན་ཧྥུང་། ཅའོ་སི་ཡུས།
ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཤིས་ཅི་རྫོང་ཅང་ཐའེ་པའོ་དམར་དམག་རྒྱང་སྐྱོད་ཀྱི་དམག་དཔུང་མཉམ་འཛོམས་དྲན་གསོ་གླིང་གི་དམར་དམག་གསུམ་པོའི་མཉམ་འཛོམས་དྲན་གསོ་ཁང་དུ། “ཧུད་རིགས་དང་རྒྱ་རིགས་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་འཁོད་པའི་གོས་དར་དམར་པོ་ཞིག་མཐོན་པོར་བཀལ་ཡོད། 1935ལོའི་ཟླ་10པར། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་དམར་དམག་གི་སྣེ་ཁྲིད་དེ་དེ་ཁུལ་བརྒྱུད་ནས་ཕེབས་སྐབས། ཧུད་རིགས་ཨ་ཧུང་དང“ཏན་ཅ་ཅིའི་མཚན་གཏམ”ཞེས་པའི་གསར་བརྗེའི་གཏམ་བཟང་བཞག་ཡོད། སང་ལོའི་ཟླ་10ཚེས་22ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་ཅུན་ཤོག་དང་པོ་དང་གཉིས་པ་ཅང་ཐའེ་པའོ་རུ་རྒྱལ་ཁའི་ངང་མཉམ་འཛོམས་བྱུང་ཡོད།
2016ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་ཐའེ་པའོ་རུ་ཕེབས་ནས“རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་ཉམས་འགྱུར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པས། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས”ཞེས་བརྩེ་བ་ཟབ་མོས་གསུངས་ཡོད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཤིས་ཅི་རྫོང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཧུར་ཐག་དང་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་ཡོད་པ་རེད།
དྲན་གསོ་ཁང་དང་བར་ཐག་སྤྱི་ལེ་2.5ཡི་ས་ནི་མའོ་ཅ་ཀོའུ་གྲོང་ཚོ་རེད། 1936ལོར་དམར་དམག་དམག་དཔུང་མཉམ་འཛོམས་བྱེད་པར་འགྲོ་བའི་ལམ་བར་དུ་ས་དེ་བརྒྱུད་མྱོང་ཞིང་། མང་ཚོགས་ལ་སུན་པོ་མི་བཟོ་བའི་ཆེད་དུ་འཐབ་འཛིང་པ་ཚོས་རི་ལྡེབས་སུ་ས་ཕུག་23དྲུས་ནས་བསྟུད་མར་ཉིན་30ལྷག་ཙམ་བསྡད་པ་རེད། དམར་དམག་དེ་ནས་གྱེས་སྐབས་གྲོང་ཚོའི་མི་སེར་ཚོ་སྐྱེལ་མ་ཞུ་བར་ཡོང་ཞིང་། ལ་ལས་དམར་དམག་ལ་རྡོག་ཁྲེས་ཁྱེར་རོགས་བྱེད་པ་དང་། ལ་ལས་འཐབ་འཛིང་པའི་ལག་ཏུ་ཞོག་ཁོག་དང་མོག་མོག་སྤྲད་པ་སོགས་ཀྱི་གཏམ་རྒྱུད་ནི་མའོ་ཅ་ཀོའུ་གྲོང་ཚོའི་ཡུལ་མི་ཤེ་ཧུང་དབྱིས་ཆུང་དུས་ནས་གོ་མྱོང་ཡོད།
གསར་བརྗེའི་ཞིང་ས་གཤིན་པོ་དེར་འཁྲེང་སེམས་ཆེན་པོ་ཡོད་སྟབས། ཤེ་ཧུང་དབྱི་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་སྟེ། ཉམས་ལེན་སློབ་གསོའི་རྟེན་གཞི་བཙུགས་པ་རེད། ཡུལ་སྐོར་བས་དེ་ནས་སྡུག་དྲན་སྐྱིད་བསམ་གྱི་ཁ་ལག་གི་བྲོ་བ་མྱོང་བ་དང་། དམར་དམག་སྡོད་མྱོང་བའི་ས་ཕུག་ཏུ་སྐྱོད་པ། རང་ཉིད་ངོ་མས“དམར་དམག་གི་ཕིང”ཕོར་པ་གང་བཟོ་བ་བཅས་བྱས་ཆོག 2020ལོར། མའོ་ཅ་ཀོའུ་གྲོང་ཚོ“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར”བདམས་པ་རེད།
ཤིས་ཅི་རྫོང་གིས“སྐོར་སྐྱོད་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན”གྱི་གསར་བརྗེའི་ཞིབ་སློབ་ཀྱི་སྤུས་རྟགས་བཏོད་དེ། ཉེ་བའི་ལོ་7རིང་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་740.18ལ་སྣེ་ལེན་ཞུས་པ་དང་། རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་བདེ་བླག་ངང་གཉེར་འགན་ཁུར་ནས། གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་རྒྱུན་མཐུད་བཏང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་རྩོམ་རིག་གི་སྟོབས་ཤུགས་འཕེལ་བར་བྱས།
ཤིས་ཅི་རྫོང་སྐྱིད་བྱང་གྲོང་རྡལ་དབྱང་ཧོ་གྲོང་ཚོར་ཡོང་ནས། རྩོམ་པ་པོ་ཧྲི་ཅིང་པོ་ཡིས་བཙུགས་པའི་མུའུ་ལན་དཔེ་ཁང་དུ་སྐྱོད་སྐབས། རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ངང་གིས་མངོན་འོང་། དཔེ་ཁང་གིས་གཉེར་བའི་སྙན་ངག་འདུ་ཚོགས་སུ། ཞིང་པའི་རྩོམ་པ་པོ་རྣམས་ཀྱིས་གསར་བརྗེའི་ལོ་རྒྱུས་ཉམས་སུ་མྱོང་བ་དང་། ནང་སེམས་ཀྱི་ཚོར་འདུ་དྲག་པོ་ཡི་གེའི་ལམ་ནས་མཚོན་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཤིས་ཅི་རྫོང་གིས་ས་གནས་དེ་གའི་རྩོམ་པ་པོ་སྒྲིག་འཛུགས་བྱས་ཏེ། ཅང་ཐའེ་པའོ་དང་ཧྲན་ཅ་ཅི་སོགས་གསར་བརྗེའི་གནའ་ཤུལ་དུ་གསར་རྩོམ་གྱི་རྩོམ་རྒྱུ་འཚོལ་བ། གསར་བརྗེའི་རྩོམ་རིག་གི་རྒྱུ་ཆ་འཚོལ་བ། གསར་བརྗེའི་སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་སྒོ་སྤེལ་བར། རྩོམ་པ་པོ་དང་རྩོམ་རིག་ལ་དགའ་མཁན་མང་པོའི་ཡིད་དབང་བཀུག་ཡོད། “ང་ཚོས་སྨྱུ་གུར་བརྟེན་ནས་ཤིས་ཅིའི་གསར་བརྗེའི་གཏམ་རྒྱུད་བརྗོད་དེ། གསར་བརྗེའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཤིས་ཅི་རྫོང་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཏེ་ཧྥེ་ཡིས་བརྗོད།
རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་།
ཚ་གདུག་ཆེ་བའི་དབྱར་དུས་སུ། ཤིས་ཅི་རྫོང་ཅང་ཐའེ་པའོ་གྲོང་རྡལ་མིང་ཐའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཝུའེ་ཧེང་གིས་སྒྲིག་བཀོད་ཞིང་ལས་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱས་ཚར་རྗེས། འཕྲལ་དུ་ཐོན་སྐྱེད་བྱེད་ཉེར་ཡོད་པའི་འབྲུ་སྣུམ་ལས་སྣོན་འཁོར་ཁང་ལ་ལྟ་བར་བསྐྱོད།
“མིང་ཐའེ་གྲོང་ཚོ་ནི་དམར་དམག་རྒྱལ་ཁའི་ངང་་མཉམ་འཛོམས་བྱ་ཡུལ་ཞིག་ཡིན་པས། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེས་ང་ཚོར་ཚང་མའི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ལྕག་སྐུལ་བྱས་ཡོད”ཅེས་ལིའུ་ཝུའེ་ཧེང་གིས་བརྗོད། ད་ཆ། གྲོང་ཚོར་མུའུ་500ལྷག་ཙམ་གྱི་ཤིང་འབྲས་མངར་ཁམ་གྱི་སྐྱེ་ཁམས་དཔེ་སྟོན་ཁུལ་དང་། མུའུ་1000ལྷག་ཙམ་གྱི་ས་མཐོའི་གྲང་བསིལ་སྔོ་ཚལ་རྟེན་གཞི། དེ་བཞིན་ཉི་འོད་དྲོད་ཁང་གི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་36བསྐྲུན་ནས། གྲོང་མིར་ཐག་ཉེ་ས་ནས་ལས་ཀ་རག་ཐབས་བྱས་ཡོད། གྲོང་ཚོས་བཏོད་པའི“དམར་དམག་མཉམ་འཛོམས་ཀྱི་གནས་མཆོག འཁོར་གཏོང་ཡུལ་སྐོར་གྱི་སྒར་ས”སོགས་རྣམ་གྲངས་ཀྱང་གཉེར་སྐྱོང་བྱས་པས། ཡུལ་སྐོར་བ་དེ་བས་མང་བ་གསར་བརྗེའི་རིག་གནས་མྱོང་རོལ་དང་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་བརྒྱུད། 2025ལོར་མིང་ཐའེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་41ཟིན་པ་དང་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.9བར་མཐོ་རུ་ཕྱིན་ཡོད།
ཤིས་ཅི་རྫོང་གིས་བཤས་ཕྱུཌ་དང་ཞོག་ཁོག་སོཌ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས། 2026ལོའི་ལོ་སྟོད་དུ་ཞིང་ནགས་འབྲོག་ཞོར་ཉ་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་14.18ཟིན་ནས་6.7%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5444ཟིན་ནས་7.6%འཕར་ཡོད།
“རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་མུ་མཐུད་དར་སྤེལ་བཏང་སྟེ་ཞིང་ལས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་མགྱོགས་སུ་བཏང་ཡོད”ཅེས་ཀུའུ་ཡོན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཤིས་ཅི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའེ་ཤིས་པེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།