དབུ་ཤོག>གསར་འགྱུར།
  • བར་སྐོར་ཁམས་བཟང་འདུམ་འགྲིག་ཁང་གིས་མང་ཚོགས་ཀྱི་སེམས་ནད་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-06

    ཞོགས་པའི་སྐྱ་མདའ་བཏང་བ་དང་བསྟུན་ནས་བར་སྐོར་ཡང་ལྷིང་འཇགས་ཀྱི་གཉིད་ལས་བསད་དེ་ག་ལེར་འཁྲུག་ཆ་དོད་པར་གྱུར། ཁྲོམ་གཞུང་རྙིང་པ་འདིར་ཚོང་ཁང་མི་འདྲ་བ་300ལྷག་ཙམ་ཡོད་པ་དང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས་སོགས་མི་རིགས་10ལྷག་ཙམ་གྲོང་པ་ཁྱིམ་མཚེས་བྱས་ནས་འཚོ་སྡོད་བྱེད་བཞིན་ཡོད།

    མི་ཚོགས་ཆེ་ལ་ཚོང་ཁང་མང་བའི་ཁར། ཉོ་མཁན་མང་པོ་ཡོད་པས་སྐབས་རེ་ཁ་རྩོད་ཤོར་བའང་འགོག་ཐབས་མེད་པ་ཞིག་རེད། འོ་ན་རྩོད་གཞི་འདི་རིགས་འདུམ་འགྲིག་བྱེད་མཁན་སུ་ཡིན་ནམ། བར་སྐོར་ཁྲིམས་འཛིན་ཁང་དུ་སྐད་གསང་མཐོན་པོས“ཁམས་བཟང”ཞེས་བརྗོད་པ་དང་། འཚམས་འདྲིར་བསྐྱོད་ནས་དམངས་ཀྱི་སེམས་གཏམ་ཉན་པ། ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་བྱེད་པ་བཅས་ནི་གོང་གི་གནད་དོན་དེ་དག་ཐག་གཅོད་བྱེད་ཐབས་གཙོ་བོར་གྱུར་ཡོད།

    ཇ་ཕོར་པ་གང་བླུགས་ནས་རྩོད་གཞི་སྣ་ཚོགས་བསལ་བ།

    བར་སྐོར་ཁྲིམས་འཛིན་ཁང་དུ་སྨི་ངོས་གྲུ་ཉི་ཤུ་ལྷག་ཙམ་ལས་མེད་པའི་འདུམ་འགྲིག་ཁང་ཞིག་ཡོད་པར་ལས་ཀ་བྱེད་སའི་སྒྲོག་ཙེ་བཞི་བསྒྲིགས་ཡོད་པ་དང་། རྐུབ་སྟེགས་ཁ་ཤས་གྱང་གི་འགྲམ་དུ་བཞག་ཡོད། རྩོད་གཞི་བྱུང་བའི་མང་ཚོགས་ཡོང་ཚེ། དེ་གའི་ལས་དོན་པས་སྔོན་ལ་ཁོ་ཚོར་ཇ་ཕོར་པ་གང་བླུགས་པ་དང་། དེ་ནས་རྐུབ་སྟེགས་སྟེང་སྡོད་དུ་བཅུག་སྟེ་ཅི་འཕྲོས་མོལ་འཕྲོས་ཀྱི་ཚུལ་དུ་ཡང་སྙིང་འགལ་ཟླ་གང་ཞིག་བྱུང་མིན་ལྷུག་པོར་གླེང་གི་ཡོད།

    ད་ལོའི་ཟླ་3པར། སུའོ་ཀྲང་ཀྲའོ་ཅིང་ཅིང་གིས་འདུམ་འགྲིག་ཁང་དེར“བར་སྐོར་ཁམས་བཟང”ཞེས་མིང་གསར་པ་ཞིག་བཏགས། བར་སྐོར་དུ་ལས་ཀ་བྱས་ནས་ལོ་བཅུ་སོང་བའི་ཁོང་གིས་ཁྲོམ་གཞུང་རྙིང་པ་དེའི་མང་ཚོགས་ལ་སྐད་ཆ་ཆོ་མེད་མང་པོ་ཤོད་པ་ལས་སེམས་རྩ་འཁོལ་བའི་ཁམས་བདེའི་འཚམས་འདྲི་ཞིག་ཞུས་ན་དེ་བས་ནུས་པ་ཆེ་བ་ཐོན་གྱི་ཡོད་པ་ཤེས་ཀྱི་ཡོད།

    ད་ལོའི་ཟླ་4པར། ལས་མི་17ལ་ལོ་གཅིག་གི་གླ་ཆ་སྒོར་ཁྲི་20ལྷག་ཙམ་འགྱངས་ཆད་བྱས་པའི་རྩོད་གཞི་ཞིག་འདུམ་འགྲིག་ཁང་དེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། དེ་གོང་ལས་མི་ཚོས་ཡིག་འབུལ་ཞུ་བཅར་ཅུས་སུ་བསྐྱོད་མྱོང་ལ་ངལ་རྩོལ་ལྟ་ཞིབ་པའང་བཙལ་མྱོང་མོད། འོན་ཀྱང་གནས་ཚུལ་རྙོག་འཛིང་ཆེ་ལ་རྩིས་ཐོ་ཁ་གསལ་མེད་པས། དངུལ་ད་དུང་རག་མེད།

    ཁེ་ལས་ཀྱི་རྩིས་ཁྲ་གནས་སྐབས་ཁ་གསལ་པོ་བཟོ་ཐབས་མེད་རུང་ལས་མི་ཚོས་དཀའ་ལས་ཚད་མེད་བརྒྱབ་པའི་དངུལ་འགྱངས་མི་རུང་། དེ་ལྟར་ཀྲའོ་ཅིང་ཅིང་དང་སྟོད་ལུང་བཙན་ཤེད་དུག་གཅོད་ལོགས་འཇོག་སུའོ་ཡི་གཤམ་སྐྱོད་མི་དམངས་ཉེན་རྟོག་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་གྲོས་བསྡུར་བྱས་རྗེས། རྙོག་དྲ་ཆེ་བའི་རྩིས་རྒྱག་མཚམས་བཞག་ནས་ཕྱོགས་གཉིས་ཀས་ཁས་ལེན་པའི་གླ་ཆ་གཙང་རྩིས་རྒྱག་རྒྱུའི་ཐག་བཅད། དེས་ན་ཕྱོགས་གཅིག་ནས《ཞིང་པ་ལས་མིའི་གླ་ཆ་འགན་ལེན་སྲོལ་ཡིག》གི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་བཤད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལས་མི་ཚོས་ལོ་གཅིག་ཐག་གཅོད་རྒྱུར་བསྒུགས་པའི་དཀའ་གནད་གསལ་གསལ་ཐིང་ཐིང་བཤད་པས། ཉིན་12ལས་མ་འགོར་བར་གླ་ཆ་ཚང་མ་རག་པ་རེད།

    ད་ལོའི་ཟླ་དང་པོ་ནས་བཟུང་། བར་སྐོར་ཁམས་བཟང་འདུམ་འགྲིག་ཁང་གིས་དཀའ་གནད་དང་རྙོག་འཛིང་ཆེ་བའི་འགལ་ཟླ་དང་རྩོད་གཞི་ཁག་26བདེ་བླག་ངང་འདུམ་འགྲིག་བྱས་ཏེ། ལས་མིར་འགྱངས་ཆད་གླ་ཆ་སྒོར་ཁྲི་66ལྷག་ཙམ་ལེན་རོགས་བྱས་པ་རེད།

    བཙོན་ཁང་ནས་དོན་རྗེས་རོགས་རམ་བྱེད་མཁན་ཡོད་པ།

    རྩོད་གཞི་བྱུང་བའི་ཕྱོགས་གཉིས་པོ་སྔོན་ལ་སེམས་ལྷོད་ལ་འབབ་ཏུ་འཇུག་པ་ནི་གོམ་པ་དང་པོ་ཙམ་ཡིན། ནོར་འཁྲུལ་ཤོར་བའི་མི་ཞིག་གིས་རང་འགུལ་ངང་རང་སྐྱོན་ངོས་ལེན་ཞུས་ཏེ། སྤྱི་ཚོགས་ཐོག་རྐང་པ་བརྟན་པོ་ཞིག་འཛུགས་ཐུབ་པ་ཇི་ལྟར་བྱེད་དགོས།

    བར་སྐོར་ཁྲིམས་འཛིན་ཁང་གི“དད་སེམས་བསྐྱར་འཛུགས་དང་། ལྟ་འདོམས་ནན་པོ། སེམས་རྩ་འཁོལ་པོས་རོགས་སྐྱོར། འགལ་ཟླ་སེལ་བ། མི་སེམས་དྲོ་བ”བཅས་ཀྱི་མིང་ཚིག་ལྔ་པོར་སོ་སོའི་མཚོན་དོན་རེ་ཡོད་དེ། སྔོན་ལ“འགལ་ཟླ་སེལ་བར”བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་པ་དང་། བར་དུ“དད་སེམས་བསྐྱར་འཛུགས”དང“ལྟ་འདོམས་ནན་པོ” “སེམས་རྩ་འཁོལ་པོས་རོགས་སྐྱོར”བཅས་ལ་བརྟེན་ནས་གཅུན་པ་དང་སློབ་གསོ་བཏང་སྟེ་འབྱུང་འགྱུར་གྱི་ལམ་བུ་གཏོད་པ། མཇུག་མཐར“མི་སེམས་དྲོ་བར”བྱས་ནས་ཁྲོམ་གཞུང་དང་སྲང་ལམ་གང་སར་བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ་མི་སེམས་ལ་ཟུག་པར་བྱེད་ཀྱི་ཡོད། “འདུམ་འགྲིག་བྱེད་པ་ནི་མདུད་པ་བཀྲོལ་བ་དང་རོགས་སྐྱོར་བྱེད་པ་ནི་མདུན་ལམ་གཏོད་པ་ཞིག་ཡིན་པས། བྲེལ་བ་བྱེད་མི་ཉན་ལ་མཚམས་དེ་བས་འཇོག་མི་ཉན”ཞེས་པ་འདི་ནི་ཁྲིམས་འཛིན་ཁང་གི་ལས་དོན་པ་ཚང་མའི་གཅིག་མཐུན་ངོས་འཛིན་རེད།

    མིང་ཚིག་ལྔ་པོ་དེའི་ནང་ནས“དད་སེམས་བསྐྱར་འཛུགས”ཀྱིས་ནུས་པ་ཆེ་ཤོས་ཐོན་གྱི་ཡོད། ཁ་བསླུས་གྱོད་གཞི་ཞིག་དང་འབྲེལ་བ་ཡོད་པའི་བཀྲ་ཆེ་གེ་མོ་གྱོད་གཞིའི་དཔྱད་ཁྲར་མ་འདོད་པར་ཡོ་བསྲང་དོ་དམ་བྱས་ཀྱང་བསམ་འཆར་ཆེན་པོ་ཡོད་པ་རེད། ཁྲིམས་འཛིན་ཁང་གིས་ཁྲིམས་རྩོད་པ་གདན་དྲངས་ནས་དཔྱད་ཁྲའི་དོན་ཚན་རེ་རེ་བཞིན་ཁོང་ལ་འགྲེལ་བཤད་བརྒྱབ་སྟེ། ཁོང་གི་དོགས་གཞི་བསལ་བ་དང་། ཕྱོགས་མང་པོས་ཁོང་ལ་ཐད་གཏོང་བྱས་ཏེ་ཚོང་རྒྱག་རྒྱུའི་སྐུལ་མ་བཏང་ནས་འཚོ་ཐབས་གསར་པ་ཞིག་འཚོལ་རོགས་བྱས་པ་རེད།

    རོགས་ཁྲིད་བྱ་ཡུལ་གྱི་ངོས་ནས་བརྗོད་ན། བཙོན་ཁང་ནས་དོན་སྐབས་སེམས་ཁྲལ་ཆེ་ཤོས་ནི། བསུ་མཁན་ཡོད་མེད་དང་། ཕྱིན་ཆད་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན་དེ་ཡིན་མོད། གནད་དོན་དེ་ཁྲིམས་འཛིན་ཁང་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་སྟེ། བཙོན་ཁང་ནས་གློད་པའི་ཉིན་དེར་ཆེད་མངགས་བསུ་བར་བསྐྱོད་པ་དང་འབྲེལ་གཏུག་བྱེད་ཚད་100%ཟིན་ཡོད། མི་བསུས་རྗེས་ལས་དོན་མི་སྣས་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་རོགས་སྐྱོབ་རེ་ཞུ་དང་ལས་ཀ་འཚོལ་རོགས་བྱས་ཏེ། མི་30ལྷག་ཙམ་འཚོ་བ་བརྟན་པོ་ཞིག་སྐྱེལ་ཐུབ་པར་བྱས་ཡོད། འཚོ་བར་བརྟེན་ས་ཡོད་པར་བྱས་པའི་རྨང་གཞིའི་ཐོག་སླར་ཡང་ཁོང་ཚོའི་སེམས་ནད་བསལ་བ་དང་། དུས་བཀག་ལྟར་འཚམས་འདྲི་དང་སེམས་གཏམ་ཉན་ནས་ཁོང་ཚོ་སྤྱི་ཕན་བྱེད་སྒོར་ཞུགས་སུ་འཇུག་གི་ཡོད། བསུ་མཁན་ཡོད་པ་དང་། ལས་ཀ་བྱེད་རྒྱུ་ཡོད་པ། ལོག་སའི་ཁྱིམ་ཡོད་པ་བཅས་ནི་ད་གཟོད་དོན་སྙིང་ལྡན་པའི་ལམ་བུ་ཞིག་རེད།

    ཁྲོམ་གཞུང་དང་སྲང་ལམ་གང་སར་ཁྲིམས་ལུགས་ཁྱབ་གདལ་གཏོང་བཞིན་པ།

    བར་སྐོར་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་སྣ་གཅིག་མིན་པར། ལམ་འགྲམ་དུ་དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་དང་། སྡེ་ཁུལ་དུ་འཆད་ཁྲིད་བྱེད་པ། ཏང་དམངས་ཞབས་ཞུའི་ས་ཚིགས་Vརུ་བཅའ་ཁྲིམས་ཀྱི་དཔེ་དེབ་སྒྲིག་པ་སོགས་རྣམ་པ་སྣ་ཚོགས་ཡོད། འོན་ཀྱང་མི་ཚོགས་འདུ་འཛོམས་ཆེ་ཤོས་ནི་སྒོ་ར་ཆེ་མོ་དང་ཇ་ཁང་ནང་རེད། ཁྲིམས་ལུགས་ཁྱབ་གདལ་གཏོང་བར་ཉེ་འགྲམ་གྱི་བྱ་བ་དང་བཅའ་ཁྲིམས་ནས་བརྗོད་པ་སྟེ། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་ཐད་བཅའ་ཁྲིམས་ཀྱི་ཚད་གཞི་གང་དག་ཡོད་པ་དང་། ཚོང་ཁང་ནང་བཤུག་གཏོང་སྐབས་གཏའ་དངུལ་དང་ནང་བཤུག་གཏོང་བའི་གྲོན་དངུལ་གསལ་འབྱེད་ཇི་ལྟར་བྱེད་པ་ལ་སོགས། ངོ་ཐུག་གདོང་འཕྲད་ཀྱིས་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཁྲིམས་གཞི་གསལ་པོར་ཤོད་ཀྱི་ཡོད། འདི་ལོ་ཚུན་དུ། ཁྲིམས་འཛིན་ཁང་གིས་སྡེ་ཁུལ་ཁག་དང་མཉམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས་40ལྷག་ཙམ་བྱས་ཡོད།

    རྩོད་གཞི་ཐག་གཅོད་སྐབས་ས་སྲོས་སུ་སླེབས་པ་དང་བར་སྐོར་དུ་མི་ཉུང་དུ་སོང་ཡོད། ཇ་ཁང་འགའ་ཤས་སྒོ་བརྒྱབ་མེད་པར་བསྡུ་གསོག་རྒྱག་བཞིན་ཡོད་པ་དང་། འགའ་ཤས་སྔ་ས་ནས་སྒོ་བརྒྱབ་ཚར་མོད། འོན་ཀྱང་བར་སྐོར་ཁྲིམས་འཛིན་ཁང་དུ་ད་དུང་གློག་སྒྲོན་གསལ་ལེར་ཡོད་ཅིང་། འགའ་ཞིག་རྩོད་གཞི་འདུམ་འགྲིག་བྱེད་པར་ཡོང་བ་དང་། འགའ་ཞིག་རྩོད་གཞི་ཐག་གཅོད་ཐུབ་ནས་བློ་བདེ་པོས་ཁྱིམ་དུ་ལོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།