ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས།
“གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ལེགས་IPསྐྱེད་སྲིང”ལ་དམིགས་པའི་བཞུགས་མོལ་སྤེལ་རེས་བྱས་པ།
ཉེ་ཆར། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་བཞུགས་མོལ་ཚོགས་འདུ་འཚོགས་ནས“གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ལེགས་IPསྐྱེད་སྲིང”གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚུའེ་ཧྲི་ཤིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་བརྟག་ཞིབ་ཚོགས་ཆུང་ལ་དགའ་བསུ་ཞུས་པ་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་གསར་འགྱུར་དྲིལ་བསྒྲགས་བྱ་གཞག་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཡོད། ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཏེ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྟོབས་ཆེར་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་ཀྱི་ཡོད། བོད་ཀྱི་ས་ཁམས་ཆགས་ཡུལ་དམིགས་བསལ་ཆེ་བ་དང་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པས་སྨྱན་སྦྱོར་གྱི་སྤུས་ལེགས་IPསྐྱེད་སྲིང་བྱེད་པའི་ལེགས་ཆ་མངོན་གསལ་དོད་པ་མ་ཟད་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་ཅེས་གསུངས་པ་རེད།
ཚུའེ་ཧྲི་ཤིན་གྱིས། གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ལེགས་IPསྐྱེད་སྲིང་བྱེད་པ་ནི་གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ཟབ་ཏུ་གཏོང་བ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་སྤུས་འབྲས་ཆེ་རུ་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞི་ཡིན། རྒྱ་ཆེའི་གསར་འགྱུར་སྨྱན་སྦྱོར་གྱིས་དུས་རབས་ཀྱི་དགོས་མཁོ་ཁོང་དུ་ཆུད་པར་བྱས་ཏེ་སྤུས་ལེགས་IPསྐྱེད་སྲིང་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། འགག་རྩའི་འཇུག་སྒོ་གནད་ལ་འཁེལ་པོས་འཚོལ་བ་དང་བོད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་སྤུས་ལེགས་IPདེ་གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་འདེགས་ཤིང་ནུས་ལྡན་དུ་འགྱུར་བ་བྱས་ཏེ། བོད་ཀྱི་དོན་དངོས་དང་འཚམ་པའི་གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ལེགས་IPའཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།