ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
—— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་སྐོར་གྱི་གླེང་ཐེངས་དང་པོ།
སྲིད་དོན་ལས་རྗེས་ལྟ་བ་ནི་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པའི་རིན་ཐང་གི་སྟོན་ཕྱོགས་ཡིན་པས་བྱ་གཞག་ལེགས་གྲུབ་དང་། དམངས་སེམས་ཕྱོགས་མིན། འཕེལ་རྒྱས་ཀྱི་རྩ་བ་བཅས་དང་ཐད་ཀར་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྲིད་དོན་ལས་རྗེས་ཀྱི་གནས་ཚད་དག་བཅོས་དང་དུས་རབས་ཀྱི་ལས་འགན་འཁུར་བར་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་དམ་པོར་དམིགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སེམས་ཤུགས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་བཏང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་དགོས།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་དང་ཐོག་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་ཏང་གཤིས་བརྟན་པོར་ཞུན་བརྡར་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ལ་བརྟེན་ནས་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་ནི་ཏང་གཤིས་རེད”ཅེས་གསུངས་ཡོད། ཏང་གཤིས་ནི་ཏང་ཡོན་ལས་བྱེད་པ་རང་ཚུགས་ཐུབ་པ་དང་། བྱ་གཞག་སྒྲུབ་ཐུབ་པ། གཏམ་གྱི་དགེ་ཐོན་པ། སྤྱོད་བཟང་རྒྱུད་ལ་འཇགས་པ་བཅས་ཀྱི་རྩིག་རྨང་ལྟ་བུ་ཡིན་པས། སྲིད་དོན་ལས་རྗེས་ལྟ་བའི་རྩ་བའི་ཁ་ཕྱོགས་གཏན་འཁེལ་བྱེད་བཞིན་ཡོད། མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་བོད་ཀྱིས་སྐྱེ་ཁམས་མཐའ་སྟོབས་ཀྱི་འགན་འཁྲི་དང་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་བཞིན་ཡོད་པས། ཏང་གཤིས་བརྟན་པོར་ཞུན་བརྡར་གཏོང་བར་དམིགས་བསལ་དང་དོན་དངོས་ཀྱི་དོན་སྙིང་ལྡན་ཡོད།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དེའི་ཁྲོད་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ཀྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་ཁྲོད་བསམ་བློའི་ཁ་ཕྱོགས་དག་བཅོས་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཐུབ་པར་བྱེད་པ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བཅས་བྱས་ཏེ་བསམ་བློའི་འབྱུང་རྩ་ནས་ལས་སྒྲུབ་ལས་གཏོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་རེད་ལ། འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བའི་ནང་དོན་གལ་ཆེན་ཡང་རེད། ཡང་དག་པའི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་རྒྱུ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཀྱི་ཐབས་ལམ་དེ་རེད། སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། བརྟན་ལྷིང་དང་འཕེལ་རྒྱས་དང་། དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་སོགས་ཀྱི་འབྲེལ་བ་རྩོད་སྒྲུབ་སྒོ་ནས་ཐག་གཅོད་ཡག་པོ་བྱས་ཏེ། དེ་བས་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་རང་རྟོགས་ངང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་གཏོང་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ལས་རྗེས་དངོས་ཧུར་ཐག་གཏོད་དགོས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་རང་འགན་ཐེག་པ་ཁུར་ལེན་དང་ལས་སྒྲུབ་ལས་གཏོད་ཐུབ་པར་བྱེད་པ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་རེད། ལས་རྗེས་ཚང་མ་ལས་ཀ་བསྒྲུབས་ནས་བྱུང་བ་དང་དངོས་འབྲེལ་བསྒྲུབས་ན་གཞི་ནས་ལས་རྗེས་དངོས་ཐོན་ཐུབ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། གོམས་གཤིས་ངན་པའི་བསམ་བློ་དོར་བ། ཐབས་ལམ་ཁོ་ནར་མི་བརྟེན་པ་བཅས་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་བྱ་ཐབས་དངོས་འདོན་པ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། གཏིང་ཟབ་སྒྲུབ་པ། ཞིབ་ཚགས་སྒྲུབ་པ་བཅས་བྱེད་དགོས། འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་པ་དང་མི་རབས་ནས་མི་རབས་བར་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གིས་བོད་ལ་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་ལ་ཧུར་ཐག་འགྱུར་བར་བྱེད་དགོས།
སྲིད་དོན་ལས་རྗེས་ལྟ་བ་ཡང་དག་ན་བྱ་གཞག་ཀུན་དར་རྒྱས་ཡོང་ཐུབ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། རང་འགན་གཙང་སྒྲུབ་དང་དམ་པ་དོན་གཉེར་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས།
འབྲེལ་ཡོད་གསར་འགྱུར།