དངོས་སྒྲུབ་དོན་འཁྱོལ་གྱིས་བོད་ལྗོངས་གསར་པར་བྱས་རྗེས་འཇོག
—— རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་8ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ད་ལོ་ཚུན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ལས་སྒྲུབ་ལས་གཏོད་ཀྱི་ཁ་ཕྱོགས་གཏན་འཁེལ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཚོགས་འདུ་གྲོལ་རྗེས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཟབ་སྦྱོང་གསལ་རྟོགས་བྱས་ཤིང་། ཚང་མས། དད་སེམས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་བཟུང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྣེ་ཁྲིད་བྱེད་པ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དང་འགན་འཁུར་དངོས་སྒྲུབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་བོད་སྐྱོང་བོད་དར་གྱི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
བསམ་བློ་ནི་བྱ་སྤྱོད་ཁྲིད་སྟོན་བྱེད་མཁན་ཡིན་པས། སྲིད་དོན་ལས་རྗེས་ལྟ་བ་ལུགས་དང་མཐུན་ན་བྱ་གཞག་འཕེལ་ཞིང་དར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཐན་ཉི་ཡཱ་ཡིས། ཚང་འཛོམས་གྲོས་ཚོགས་ཀྱི་སྙན་སྒྲོན་ནང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཡིག་ཕྲེང་དང་ཡིག་འབྲུ་རེ་རེའི་གསེང་ནས་དམངས་འཚོའི་དྲོ་སྐྱིད་མཚོན་པ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཀྱིས་ཁེངས་ཡོད། གོམ་སྟབས་རྗེས་མར་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་གལ་ཆེན་མུ་མཐུད་འཁུར་ནས“བརྟན”དང“འཕེལ”དབར་དང་། “ཟོལ”དང“བདེན” དབར། “ནང”དང“ཕྱི”དབར། “གནས”དང“ཁྱོན”དབར་བཅས་ཀྱི་འབྲེལ་བར་སྤྱི་འདོམས་སྟངས་འཛིན་ཡག་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་གསལ་འགྲེལ་རྒྱག་རྒྱུ་དེ་མིག་སྔའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་སྟངས་འཛིན་ནན་པོ་བྱེད་པ། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་གཞི་རིམ་དུ་གཞི་ཚུགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་དཔེ་མཚོན་གསོན་ཉམས་དོད་པོ་སྔོག་འདོན་གཏིང་ཟབ་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་དར་སྤེལ་གཏོང་བ། གསུང་སྒྲ་ཡག་པོ་སྒྲོག་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་ཐབས་ལམ་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
དམངས་འཚོའི་བྱ་བར་དོན་ཆུང་མེད། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་སྟོབས་རྒྱལ་གྱིས“མི་སྤྱི་ལས་དོན་གྱི་སྲིད་དོན་ལས་རྗེས་ནི་རེའུ་མིག་སྟེང་གི་གྲངས་གཞི་ནས་མི་མངོན་པར། ཞིང་འབྲོག་པ་ལས་མིའི་གླ་ཆ་གྲངས་ཚང་ངང་འདེད་ལེན་ཐུབ་པའི་འཛུམ་མདངས་ཀྱི་ཁྲོད་དང་ངལ་རྩོལ་རྩོད་གཞི་བདེ་བླག་ངང་ཐག་གཅོད་ཐུབ་པའི་འཆམ་མཐུན་གྱི་རྣམ་པའི་ཁྲོད་ནས་མངོན་གྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་འགན་འཁྲི་སྒྲུབ་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་ཕན་འབྲས་མི་དམངས་ཀྱིས་དཔྱད་བརྗོད་བྱེད་པ་བཅས་བྱས་ཏེ་ལྷ་ས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་མི་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཉིའུ་ཁུན་གྱིས“ཚང་འཛོམས་གྲོས་ཚོགས་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས་པའི་ནན་བཤད་སླར་ཡང་བྱས་ཡོད། ང་ཚོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ངོས་ནས་བརྗོད་ན། གལ་ཆེ་ཤོས་ནི་ཞིབ་ཕྲའི་ལས་ཀ་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཐོག་ཏང་ཡོན་3000ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་གྲོང་སྡོད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བརྒྱ་ཙམ་ཐག་གཅོད་བྱས་པ་དང་། དཀའ་ངལ་ཡོད་པའི་ཏང་ཡོན་ལ་རྒྱུན་རྣམ་ཅན་གྱི་འཚམས་འདྲི་དང་སེམས་ཁུར་བྱས་ཏེ་མང་ཚོགས་ཀྱི་སྒོ་རྩར་ཞབས་འདེགས་ཞུས་ཡོད། གོམ་སྟབས་རྗེས་མར། ཏང་ཡོན་འཐབ་ས་དང་པོར་སྐྱོད་པའི་ལས་ཀའི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་སྟེ་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཡག་པོ་འདོན་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་རི་བོའི་གཏོས་དང་མཉམ་པའི་ཡིག་ཆའི་ཁྲོད་ནས་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཕན་འབྲས་ལ་ཞིབ་བཤེར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བྱ་སྤྱོད་ཀྱི་གཞི་འཛིན་སར་བྱས་ཏེ་ཕུགས་བསམ་དད་སེམས་ཀྱི“གཅུས་ཕུར་ལྟེ་བ”རྒྱུན་མཐུད་དམ་དུ་གཏོང་བ་དང་། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དང་དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། རྒྱུན་སྲིང་ལྷོད་མེད་ངང་ཐེག་པ་ཁུར་ལེན་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་བ་དང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།