དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་162.29ཟིན་པ།

    དམངས་ཁྲོད་མ་འཇོག་བྱེད་ཤུཌ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་དུས་མཚུངས་ལས་44.9%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-06

    ལྷོ་ཁ་གྲོང་ཁྱེར་གྱི་2026ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གྲངས་གཞི་ཐོན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་162.29ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ཐོན་ལས་ཁག་དབྱེ་ནས་བལྟས་ན། ཐོན་ལས་དང་པོས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.15ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་12.1%འཕར་བ་དང་། ཐོན་ལས་གཉིས་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་74.99ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་7%འཕར་བ། ཐོན་ལས་གསུམ་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་82.15ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་6.9%འཕར་ཡོད།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་124.06ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་9.3%འཕར་བའི་ནང་དམངས་ཁྲོད་མ་འཇོག་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་དུས་མཚུངས་ལས་44.9%འཕར་བ་དང་འཕར་ཚད་ལྗོངས་ཡོངས་ལས་བརྒྱ་ཆའི་གྲངས་29.2ཀྱིས་མཐོ་བ་ཡོད་པ་རེད།

    གྲངས་གཞིའི་རྒྱབ་ཏུ་གནད་ལ་འཁེལ་བའི་ནུས་ཤུགས་འདོན་པའི“སྣ་འདུས་ཐབས་བཟང”ཆ་ཚང་ཞིག་ཡོད་ཅིང་། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་དུ་རིམ་རྩིས་བརྒྱབ་ན་གཙོ་གནད་རྣམ་གྲངས་283གསར་དུ་ལས་འགོ་ཚུགས་པ་དང་ཁྱོན་མ་འཇོག་སྒོར་དུང་ཕྱུར་97.12བྱས་ཡོད། ཐིང་རིམ་པའི་འགོ་ཁྲིད་ཀྱིས་འགན་གཙང་ལེན་པའི་རྣམ་གྲངས་གལ་ཆེན་39ལ་མ་འཇོག་སྒོར་དུང་ཕྱུར་47.45ལེགས་གྲུབ་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱིས་ལེགས་གྲུབ་བྱས་པའི་མ་འཇོག་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཡན་བཟུང་ཡོད། བཅད་ཤུལ་ཆུ་ཤུགས་གློག་ཁང་དང་། མཚོ་སྣ་ཀུན་སྤྱོད་གནམ་ཐང་། ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན། འཕྱོངས་རྒྱས་རླུང་གློག་དུས་ཐེངས་དང་པོ་སོགས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1ཡན་བཏང་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་གི་མྱུར་ཚད་རྒྱུན་མཐུད་མགྱོགས་སུ་ཕྱིན་ཡོད།

    མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུན་དང་། རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ནང་ཚུན། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སོགས་ཀྱི་མ་དངུལ་བསྡོམས་སྒོར་དུང་ཕྱུར་34.65དོན་འཁྱོལ་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་7.25འཕར་ཡོད། གྲོང་ཁྱེར་རིམ་པས་ད་དུང་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་མགྱོགས་མྱུར་ཚོད་སྐོར་བྱེད་པའི་ལམ་སྲོལ་ཡང་བཙུགས་ཤིང་། ལོ་སྟོད་དུ་རིམ་རྩིས་བྱས་ན་རྣམ་གྲངས་55ལ་ཚོད་སྐོར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་0.74ཞིབ་བཤེར་ཉུང་འཕྲི་བྱས་ཡོད།

    ཐོན་ལས་དང་པོའི་འཕེལ་ཚུལ་ཡག་པོ་བྱུང་བ་དང་ཐོན་རྫས་རིན་ཐང་དུས་མཚུངས་ལས་12.1%འཕར་ཏེ་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ལོ་སྟོད་དུ་ཕྱུགས་རིགས་མགོ་གྲངས་ཁྲི་42.26བཤས་བཏང་བ་དང་། ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་4.3ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་39.2ཟིན་པར་སྔོན་དཔག་བྱས་ན་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་17.5ཟིན་རྒྱུ་རེད།

    ཐོན་ལས་གཉིས་པ་སླར་གསོ་བྱུང་ཚུལ་ལེགས་སུ་ཕྱིན་པ་དང་ཐོན་རྫས་རིན་ཐང་དུས་མཚུངས་ལས་7%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་17.27ལེགས་གྲུབ་ཟིན་ནས་0.2%འཕར་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱིས་སྒོར་དུང་ཕྱུར་7.81ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་23.7%འཕར་བ་དང་། གློག་ཤུགས་དང་། ཚ་ཤུགས། འབར་རླངས་བཅས་དང་དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱིས་སྒོར་དུང་ཕྱུར་3.6ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་8.6%འཕར་བ། ཨར་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་52.82ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་13.1%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་ཁྱོན་ཡན་གྱི་ཁེ་ལས་8སྐྱེད་སྲིང་བྱས་པས། གཞི་ཁྱོན་ཡན་གྱི་ཁེ་ལས་ཁྱོན་46ཟིན་ཡོད་པ་རེད།

    ཐོན་ལས་གསུམ་པ་འཕེལ་རྒྱས་བརྟན་པོ་ཕྱིན་པ་དང་ཐོན་རྫས་རིན་ཐང་དུས་མཚུངས་ལས་6.9%འཕར་བ་དེ་ཡང་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་40.05ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་5%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྙིང་པ་གསར་པར་བརྗེ་བ་དང་ཁྱབ་ཁོངས་ཡོངས་ཀྱི་དམངས་ཕན་འཛད་སྤྱོད་སོགས་ཀྱི་བྲིན་སྐུལ་བྱེད་སྒོ་རབ་དང་རིམ་པ་བརྒྱུད་མ་དངུལ་སྒོར་ཁྲི་5660བཏང་ནས་སྒོར་དུང་ཕྱུར་3.05འཛད་སྤྱོད་བྱེད་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་། སིལ་ཚོང་ལས་རིགས། ས་ཁང་བདག་ཁོངས་ཐོན་ལས། ཚན་ཞིབ་ལག་རྩལ་ཞབས་ཞུའི་ལས་རིགས་སོགས་དམིགས་ཚད་ཁག་གི་འཕར་ཚད་སྤྱིར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཁྱབ་ཁོངས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཞིང་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོའི་སློབ་མའི་ཆ་སྙོམས་འགྲོ་གྲོན་སྒོར་380ནས་སྒོར་1000བར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི་23.83ལ་གཟུགས་པོ་བརྟག་དཔྱད་བྱས་པ་དང་བརྟག་དཔྱད་བྱེད་ཚད་89.63%ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ། འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་35.92ཟིན་ཏེ་ཁྲིམས་གཏན་འཁེལ་བའི་མི་སྣ་ཡོངས་གཞི་རྩའི་ཆ་ནས་འགན་བཅོལ་ནང་ཞུགས་ཐུབ་པ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།