དབུལ་པོ་ཉུང་གཏོང་གི་ཨ་ཧྥེ་རི་ཁའི་གཞི་རིམ་དཔོན་རིགས་ཀྱི་སྤེལ་རེས་ཟབ་སྦྱོང་འཛིན་གྲྭ་མཚོ་སྔོན་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར།2026ལོའི་དབུལ་པོ་ཉུང་གཏོང་གི་ཨ་ཧྥེ་རི་ཁའི་གཞི་རིམ་དཔོན་རིགས་ཀྱི་དུས་ཐེངས་དང་པོའི་སྤེལ་རེས་ཟབ་སྦྱོང་འཛིན་གྲྭ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། ཨན་ཀོ་ལ་དང་། ཁོང་ཀོ ཀི་ནེ་ཡ། ཀག་ན། ཁེན་ནི་ཡ། ལི་པེ་རི་ཡ། ལྷོ་ཨ་ཧྥེ་རི་ཁ། ནི་ཀྲེ་རི་ཡ། ཐན་ཙན་ནི་ཡ་བཅས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་9ཡི་གཞི་རིམ་དཔོན་རིགས་དང་། གཞོན་ནུ་ལས་གཏོད་པ། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་བཅས་33ཟབ་སྦྱོང་ལ་ཞུགས་པ་རེད།
2026ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད་ལ། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཞིག་ཀྱང་རེད། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་དྲུག་ཡིན་པ་དང་། ཆེད་དོན་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་ཞིབ་སློབ། མཉམ་འགུལ་སྤེལ་རེས་བཅས་ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་དབུལ་པོ་ཉུང་གཏོང་འཕེལ་རྒྱས་དང་། དམངས་འཚོ་ལེཌ་གཏོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་ཡོད།
མཚོ་སྔོན་གྱིས་ཐོན་ལས་སྐྱེད་སྲིང་དང་། སྐྱེ་ཁམས་རིན་ཐང་གཞན་སྒྱུར། གཞི་རིམ་བཅོས་སྐྱོང་གསར་གཏོད་སོགས་ཁྱབ་ཁོངས་སུ་བསྐྱར་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་ཉམས་མྱོང་ཁག་གཅིག་ཆགས་པར་བྱས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དབུལ་པོ་ཉུང་གཏོང་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ལག་ལེན་གྱི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭ་དེ་ཕྱི་འབྲེལ་པུའི་ཨ་ཧྥེ་རི་ཁ་སི་ཡིས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གིས་གཉེར་འགན་འཁུར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།