དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་མཚོ་སྔོན་དུ་བསྐྱོད་པ།

    དར་ལམ་སྙིང་སྟོབས་རྒྱུན་འཛིན་བྱེད། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ།   |     སྤེལ་དུས།  2026-08-05

    དབྱར་ཟླ་ར་བའི་གཙང་གསུམ་ཆུ་འགོ་ནི་ནམ་མཁའ་གཡའ་དག་ཅིང་ས་གཞི་སྔོ་ཐིང་ངེར་གནས་པས། ཅི་འདྲའི་མཛེས་སྡུག་ཡིད་དུ་འོང་བ་ཞིག་རེད་ཨང་།

    ཟླ་7ཚེས་21ནས་ཚེས་25ཉིན་བར“དར་ལམ་སྙིང་སྟོབས་རྒྱུན་འཛིན་བྱེད། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕུལ་བྱུང་གཞོན་ནུའི་སྤེལ་རེས་དུས་ཆེན་སྐབས་བཅུ་གཉིས་པ་མཚོ་སྔོན་དུ་གཉེར་ཞིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་མང་པོའི་ཕུལ་བྱུང་གཞོན་ནུ་དང་མཛའ་གྲོགས་རྩ་འཛུགས་ཀྱི་འཐུས་མི་80ཙམ་ས་མཐོར་ཡོང་ནས་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཉམ་འདྲེས་བཀོད་གཏོང་ལྟེ་གནས་དང་། དོལ་ཐང་འོད་ཤུགས་གླིང་། མཚོ་སྔོན་པོ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་སོགས་སུ་བསྐྱོད་པ་དང་། བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་རྗེས་གཞོན་ནུ་ཚོས་མཚོ་སྔོན་དང་ཐ་ན་ཀྲུང་གོའི་ནུབ་རྒྱུད་ཀྱི་འཕེལ་རྒྱས་ལ་ངོས་འཛིན་གསར་པ་བྱུང་ཡོད་པ་རེད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུ་མང་པོ་ཞིག་ནི་མཚོ་སྔོན་དུ་ཡོང་ཐེངས་དང་པོ་ཡིན་སྟབས། མི་མང་པོ་ཞིག་གི་ངོས་ནས་བརྗོད་ན། ས་མཐོར་བག་ཆགས་དེ་ཙམ་མེད། མཚོ་བོད་ས་མཐོར་བརྗིད་ཆགས་ཡིད་འོང་གི་གདོད་མའི་རང་བྱུང་རྣམ་པ་སོར་ཉར་ཐུབ་པ་མ་ཟད། ད་དུང་དེང་རབས་ཅན་གྱི་ལྗང་མདོག་ཐོན་ལས་ཀྱང་སྐྱེད་སྲིང་ཐུབ་ཡོད་སྙམ་པ་རྦད་དེ་ཁོང་ཚོའི་བསམ་ཡུལ་ལས་འདས།

    ཟླ་7ཚེས་22ཉིན་གྱི་ཕྱི་དྲོར། གཞོན་ནུ་ཚོས་མཚོ་སྔོན་ལྗང་མདོག་རྩིས་གློག་མཉམ་འདྲེས་བཀོད་གཏོང་ལྟེ་གནས་ལ་ལྟ་སྐོར་བྱས་ཤིང་། སིང་ཀ་ཕོར་གྱི་གཞོན་ནུའི་འཐུས་མི་ཀྲང་ཝེ་པིན་གྱིས། མཚོ་སྔོན་ལ་ཆུ་འོད་རླུང་གསུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ཐོན་ཁུངས་ཀྱི་ལེགས་ཆ་ཆེན་པོ་ཡོད། “མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་གཏོང་བ་ཤེས་རྗེས། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་ཞིང་ཆེན་ཁག་གི་བཀོད་པ་དང་མིག་རྒྱང་ལ་སེམས་གཏིང་ནས་བསྟོད་གླུ་འབུལ་གྱི་ཡིན”ཞེས་བརྗོད།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་ཡོད་པའི་དོལ་ཐང་འོད་ཤུགས་གླིང་གིས་མི་མང་པོ་ཞིག་གི་དེ་སྔའི་ངོས་འཛིན་ལ་འགྱུར་ལྡོག་བཏང་ཡོད། དེ་སྔོན་བྱེ་རླུང་འུར་འུར་དུ་ལྡང་ཞིང་རྩི་ཤིང་ཐ་ཐོར་ཙམ་ལས་མི་སྐྱེས་པའི་ཐང་རྒོད་དེའི་སྟོད་སྨད་བར་གསུམ་དུ་ད་ཆ་འོད་ཤུགས་ཤེལ་ལེབ་ཀྱིས་ཁེངས་ཡོད་པ་རེད།

    “ནུས་རྒྱུ་གསར་སྤེལ་བྱེད་སྐབས་ངེས་པར་དུ་རང་བྱུང་ཁམས་ལ་གཏོར་སྐྱོན་བཟོ་དགོས་སམ་ཞེ་ན། དོལ་ཐང་ནས་དྲིས་ལན་གསར་པ་ཞིག་རྙེད་བྱུང”ཞེས་ཧྥི་ལི་ཕིན་གྱི་གཞོན་ནུའི་འཐུས་མི་ལུའོ་ཅིན·སཱ་ཏི་ཨན་གྱིས་བཤད།

    མཚོ་སྔོན་དུ་ཡོང་ཐེངས་དང་པོ་ཡིན་པའི་མ་ལེ་ཞི་ཡ—ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་སྲིད་འཛིན་ཀྲུའུ་རེན་ཁྲེན་ཁྲུན་ཧྥུའུ་ཡིས“ངའི་དྲན་ཤེས་ནང་གི་མཚོ་སྔོན་ནི་ཐང་སྟོང་ལུང་ཧྲུལ་ཞིག་ཡིན་མོད། འོན་ཀྱང་དངོས་སུ་འདི་གར་སླེབས་སྐབས་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་གསོན་ཤུཌ་ཚོར་བྱུང་། འདི་ནི་ཀྲུང་གོའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལས་བྱུང་བའི་འཕེལ་རྒྱས་ཀྱི་ཁེ་སྤོགས་རེད”ཅེས་གསར་འགོད་པར་བཤད།

    འོད་ཤུགས་གླིང་ནས་ཐོན་རྗེས་རྒྱལ་ཁབ་ཁག་གི་འཐུས་མི་ཚང་མ་ཀྲུང་གོའི་མཚེའུ་ཆེ་ཤོས་མཚོ་སྔོན་པོར་བསྐྱོད། དེ་གར་མཚོ་མོའི་རླབས་རིས་རྣམ་པར་བཀྲ་ཞིང་། རྩྭ་ཐང་མུ་མཐའ་མེད་པ་དང་ཆུ་བྱ་འཕུར་ལྡིང་གར་ལ་རོལ་བ་སོགས་ཆསྐྱེ་ཁམས་མ་ལག་ལ་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད།

    སྔོ་བསངས་གཡུ་མདོག་བཀྲ་བའི་མཚོ་སྔོན་པོ་དེ་རི་ཚོགས་ཀྱི་པང་དུ་ལྡེམ་མེར་འཁྱིལ་ཞིང་། ཚང་མས་མཚོ་སྐོར་སྐྱེ་ཁམས་ལམ་ཐིག་བརྒྱུད་ག་ལེར་མདུན་དུ་བསྐྱོད་དེ། ས་མཐོའི་མཚོ་མོ་ཁོ་ནར་དབང་བའི་ལྷིང་འཇགས་དང་མཛེས་སྡུག་དེ་ཉམས་སུ་མྱངས། དེ་གར་དངོས་སུ་བསྐྱོད་པ་ལས་ཚང་མས་ལོ་མང་པོར་རྒྱུན་མཐུད་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་དང་བཅོས་སྒྲིག་བྱས་པས། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་ཤེས་རྟོགས་བྱུང་།

    གྲངས་གཞི་ནི་ཁུངས་སྐྱེལ་དཔེ་མཚོན་ཡག་ཤོས་དེ་རེད། མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་སྲོག་ཆགས་ཕུའུ་ཧྲི་དགོ་བ་300ཙམ་ནས་3700ལྷག་བར་སླར་གསོ་བྱུང་བ་དང་། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་ཏུན་ཁྲི་13.3བར་སླར་གསོ་བྱུང་བ། མཚོ་སྔོན་པོའི་ཆུ་བྱའི་རིགས་ཚོགས་གྲངས་འབོར་ཁྲི་60.6ལྷག་ཟིན་པ་སོགས་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད།

    “མཚོ་སྔོན་པོ་མཐོང་སྐབས། གཡུ་མདོག་གི་མཚོ་ཁ་་དང་ཡམ་ཡོམ་གཡོ་བའི་རླབས་རིས་ཀྱིས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། པར་མིག་ནང་མཚོ་མོའི་མཛེས་ལྗོངས་ཧྲིལ་པོ་ཚུད་ཀྱི་མི་འདུག”ཕྱི་གླིང་བ་ཚོས་ཀྲུང་གོའི་གྲོང་ཁྱེར་ཆེན་པོ་དག་གི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་ལས། ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རྣམས་ཀྱིས་གཙང་པོ་དང་མཚོ་མོར་ལོ་བཅུ་ཕྲག་མང་པོར་སྲུང་སྐྱོང་བྱེད་པར་སྣང་བ་གཏོང་གི་མི་འདུག་ཅེས་ཐའེ་ལན་གྱི་གཞོན་ནུ་ཀྲེང་ཀན་སྨི་ཡིས་བཤད།

    ལམ་རྒྱུད་ཀྱི་རི་ཀླུང་ཚང་མ་མཛེས་སྡུག་ལྡན།

    མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དུ་ཡོད་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་རྨ་ཆུ་སྔོན་མོ་རི་ཚོགས་ཀྱི་གསེང་ནས་བཞུར་ཞིང་། གྲོག་རོང་གཏིང་ཟབ་ལ་ཚང་ཚིང་ཐགས་སུ་བཀྲ། དེ་མིན་ཐུན་མོང་མ་ཡིན་པའི་ས་མཐོའི་བྲག་དམར་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ས་ཁོངས་གལ་ཆེན་དེ་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འོས་འཚམ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ས་གཤིས་རྗེས་ཤུལ་དང་། ས་ཆུའི་ཐོན་ཁུངས། གདོད་མའི་སྔོ་ཁེབས་བཅས་ལ་སྲུང་སྐྱོང་བྱེད་མུས་ལགས།

    ལམ་བར་དུ་བསམ་བློ་བརྗེ་རེས་བྱས་ནས་བློ་སྒོ་འབྱེད་པར་བྲེལ།

    ཟླ་7ཚེས་24ཉིན་སྤེལ་བའི་གཞོན་ནུའི་ཧྲ་ལུང་གླེང་སྟེགས་སུ་ཚང་མས“ལྗང་མདོག་འཕེལ་རྒྱས་དང་། ཤེས་དཔལ་དཔྱད་གཞིར་འཛིན་རེས། ཐོན་སྐྱེད་ནུས་ཤུགས་གསར་མ”བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་ལག་གདང་སྦྲེལ་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    ད་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་35དང་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་5འཁོར་བའི་ལོ་རེད། གཙང་གསུམ་ཤར་ལ་རྒྱུག་ནས་སྐམ་ས་དང་རྒྱ་མཚོ་སྦྲེལ། ན་གཞོན་དཔུང་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས། མཚོ་སྔོན་གྱི་འགྲུལ་བཞུད་ཐུང་ངུའི་ནང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་སེམས་ལ་མཛའ་གྲོགས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ས་བོན་བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།