ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཕེ་རུའི་ས་མཐོའི་གཞུང་ལམ་སྒྱུར་བཀོད་བདག་སྐྱོང་རྣམ་གྲངས་ལས་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ།
“ལམ་བུ་འདི་ལས་ང་ཚོ་མི་མང་པོའི་འཚོ་བ་ལེགས་སུ་ཕྱིན་སོང”

འདི་ནི་ཀྲུང་གོ་ས་ཤིང་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཕེ་རུའི་ཁཱ་ཧཱ་མཱ་གཱ་ཁུལ་ཆེན་གྱི་གཞུང་ལམ་སྒྱུར་བཀོད་བདག་སྐྱོང་རྣམ་གྲངས་ཡིན་པ།
ཉིན་ཤས་གོང་། ཀྲུང་གོ་ས་ཤིང་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཕེ་རུའི་ཁཱ་ཧཱ་མཱ་གཱ་ཁུལ་ཆེན་གྱི་གཞུང་ལམ་སྒྱུར་བཀོད་བདག་སྐྱོང་རྣམ་གྲངས་བདེ་བླག་ངང་རྩིས་སྤྲོད་རྩིས་ལེན་བྱས་ཤིང་། རྣམ་གྲངས་དེ་ནི་ས་བབ་སྨི་1500ནས་2800ཟིན་པའི་ཕེ་རུའི་ས་མཐོའི་རི་ཁུལ་དུ་གནས་ཡོད། སྒྱུར་བཀོད་སྲུང་སྐྱོང་བྱས་རྗེས་ཀྱི་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་246ཟིན་ནས་ཐག་རིང་ལུང་ཁུག་གི་རི་གྲོང་མང་པོ་སྦྲེལ་མཐུད་ཐུབ་པས། ལམ་དྲ་ཤར་གཏོང་གི་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་པ་མ་ཟད། ས་ཁོངས་དེའི་དངོས་ཟོག་འཁོར་རྒྱུག་ཐབས་ལམ་ཤར་གཏོང་ཐུབ་ནས། སྡེ་ཁུལ་32ཀྱི་ཡུལ་མི་ཁྲི་20ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།
“དེ་སྔ་ལམ་འདིར་སྐྱོད་སྐབས་ཆར་པ་འབབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། སྔོན་ཆད། འདི་གའི་ལམ་དུམ་མི་ཉུང་བ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཆར་དུས་སླེབས་སྐབས་འདམ་རྫབ་ཀྱིས་ཁེངས་ཏེ་རླངས་འཁོར་འདམ་དུ་ལུས་པ་ཡང་ཧ་ཅང་མང་། ད་ཆ་ལམ་ཉམས་བཟོ་བྱས་པས་དུས་ཚོད་མང་པོ་གྲོན་ཆུང་ཐུབ་པ་མ་ཟད། སྐྱེལ་འདྲེན་མ་གནས་ཀྱང་དམའ་རུ་ཕྱིན་ཡོད”ཅེས་ཁ་ལོ་བ་ཨའོ་ཀུའུ་སི་ཐུའོ་ཡིས་གསར་འགོད་པར་བཤད།
གསར་འགོད་པས་གཞུང་ལམ་བརྒྱུད་དེ་མུ་མཐུད་བསྐྱོད་མཐར་རི་ཁུལ་གྱི་ཚོང་འདུས་ཤིག་ཏུ་བསླེབས། ཁྲོམ་བཀྱག་ཐོག་ཤིང་འབྲས་དང་སྔོ་ཚལ་སོས་པ་སྣ་ཚོགས་བསྒྲིགས་ཡོད་པ་དང་། གྲོང་མི་མི་ཉུང་བ་ཞིག་གིས་ཞིང་ལས་ཐོན་རྫས་རླངས་འཁོར་ནང་བླུགས་ནས་ཉེ་འཁོར་གྱི་གྲོང་རྡལ་དུ་དབོར་བཞིན་ཡོད་པ་རེད། ལོ་55ལ་སླེབས་པའི་ཞིང་པ་མཱ་ལི་ཡཱ·ཀང་སཱ་ལེ་སིས་དེ་གར་ཞིང་ལས་ཐོན་རྫས་བཙོངས་ནས་ལོ་20ལྷག་ཙམ་སོང་ཡོད། “དེ་སྔ་སེམས་ཁྲལ་ཆེ་ཤོས་ནི་འདེབས་མི་ཐུབ་པ་མིན་པར་ཕྱིར་དབོར་མི་ཐུབ་པ་དེ་ཡིན། འགྲོ་ལམ་ཆ་རྐྱེན་ཅུང་ཞན་པའི་དབང་གིས་ཉོ་སྒྲུབ་ཚོང་པ་ཡོང་འདོད་མེད་པས། ཞིང་དུད་མང་པོའི་ཞིང་ལས་ཐོན་རྫས་ཁྱིམ་དུ་རུལ་རྒྱུ་ལས་མ་འདས། ད་ཆ། འགྲོ་ལམ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཉོ་སྒྲུབ་ཚོང་པ་མང་པོ་ཡོང་གི་ཡོད་ལ། ཞིང་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་བདེ་རུ་ཕྱིན་ནས། ཞིང་དུད་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་ཀང་སཱ་ལེ་སིས་བཤད།
ས་གནས་དེ་གའི་གྲོང་མི་ཚོའི་ངོས་ནས་བཤད་ན། གཞུང་ལམ་འདིས་ཁྲོམ་ར་དང་སྦྲེལ་མཐུད་བྱས་པ་མ་ཟད། ད་དུང་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་ལ་ཡང་སྦྲེལ་མཐུད་བྱས་ཡོད། རྣམ་གྲངས་རྒྱུད་ཀྱི་སྡེ་ཁུལ་འཕྲོད་བསྟེན་ས་ཚིཌ་ཤིག་ཏུ། སྨན་གཡོག་ཨན་ནཱ་ཡིས། “སྔོན་ཆད་རི་ཁུལ་གྱི་མང་ཚོགས་སྨན་ཁང་དུ་ཡོང་བར་ཆུ་ཚོད་ཁ་ཤས་འགོར་གྱི་ཡོད། གལ་སྲིད་གནམ་གཤིས་ངན་པ་བསྟན་ནས་འགྲོ་ལམ་ལ་གཏོར་སྐྱོན་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དཀའ། ད་ཆ། མྱུར་སྐྱོབ་རླངས་འཁོར་རི་ཁུལ་གྱི་གྲོང་ཚོ་ཁག་ཏུ་ཤར་གཏོང་ཐུབ་པས་ནད་པ་སྨན་ཁང་དུ་འགྲོ་ཧ་ཅང་བདེ་པོ་ཡོད། ཁྱིམ་ཚང་མང་པོ་ཞིག་གི་ངོས་ནས་བརྗོད་ན། འདི་ནི་གཞུང་ལམ་ཁོ་ན་ཙམ་མ་ཡིན་པར་ཚེ་སྲོག་གི་བགྲོད་ལམ་ཞིག་ཀྱང་རེད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་ལས་མི་ཧུར་ཐག་བསྡུས་ནས་རྩལ་ནུས་གསོ་སྦྱོང་བྱས་ཡོད། ལོ་29ལ་སླེབས་པའི་ཁའེ་ཝུན·ཕུར་ནི་རྩལ་ནུས་གསོ་སྦྱོང་ལས་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། དེ་སྔ་ཁོང་གིས་ཉིན་གླ་རྒྱུག་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། རྣམ་གྲངས་དེའི་ལས་མི་བྱས་རྗེས་བཟོ་པ་དཀྱུས་མ་ཞིག་ནས་རིམ་བཞིན་གཞུང་ལམ་ཨར་ལས་དང་འཕྲུལ་ཆས་བཀོལ་སྤྱོད་ཀྱི་རྩལ་ནུས་ཁོང་དུ་ཆུད་མཁན་ཞིག་ཏུ་གྱུར། “དེ་སྔ་ལས་ཀ་བརྟན་པོ་ཞིག་ཀྱང་མེད། ད་ཆ་ལག་རྩལ་ཤེས་པ་མ་ཟད། ཡོང་འབབ་ཀྱང་མང་པོ་འདུག མ་འོངས་པར་མུ་མཐུད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་རིགས་ཀྱི་ལས་ཀ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ཕུར་གྱིས་བཤད།
ཉི་མ་ནུབ་ལ་ཉེ་ཡང་ཟོག་འདྲེན་རླངས་འཁོར་མང་པོ་རི་ཚོགས་ཀྱི་གསེང་དུ་སྐྱོད་བཞིན་ཡོད་པ་དང་། འགྲོ་ལམ་གྱི་གཞོགས་གཉིས་སུ་ངལ་རྩོལ་བྱེད་བཞིན་པའི་ཞིང་པ་དང་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་བཞིན་པའི་ཕྲུ་གུ་ཁ་ཤས་མཐོང་ཐུབ། ཨན་ཏི་སི་རི་ཁུལ་དུ་འཚོ་བ་སྐྱེལ་མཁན་ཚོའི་ངོས་ནས་བརྗོད་ན། གང་དུ་གཞུང་ལམ་བཟོས་ན་དེ་གར་རེ་བས་ཁེངས་ཡོད། པར་ཅཱ་སིས་རྒྱང་རིང་དུ་བསྲིངས་པའི་གཞུང་ལམ་ལ་ལྟ་བཞིན“ལམ་བུ་འདི་ལས་ང་ཚོ་མི་མང་པོ་ཞིག་གི་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།