“ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་དུས་བསྟུན་འཕེལ་རྒྱས་བཏང་བ”
——སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་ལི་ཡཱར་བཅར་འདྲི་ཞུས་པ།

“ལོ་105ཡི་འབད་འཐབ་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་བའི་འགག་རྩ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་རེད། དེས་ཀྲུང་གོའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད”ཅེས་སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧོ་སའེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
སེན་ཐེ་ལི་ཡཱས་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཆེན་པོ་ལྡན་དོན་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་རེད། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་རང་ངོས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་མཁས་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་མཐའ་འཁྱོངས་བྱས་ཏེ། སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་བཏང་ཡོད་ཅེས་བརྗོད།
སེན་ཐེ་ལི་ཡཱས་བརྗོད་དོན། “ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་དུས་བསྟུན་འཕེལ་རྒྱས་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་སྲིད་ཇུས་ཁག་བཟོ་བའི་དམིགས་ཚད་གལ་ཆེན་དུ་བརྩི་བ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱས་ཡོད། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་ནི་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་བྱ་སྤྱོད་རླབས་པོ་ཆེ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། ཁོང་གིས། གནད་སྨིན་དབྱེ་འབྱེད་དང་གནད་སྨིན་ཇུས་བསྟར་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པ་འབོར་ཆེན་གཞི་རིམ་དུ་ཟབ་འཇུག་གིས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་ནུས་པ་དང་ལག་ལེན་བསྟར་ནུས་ཆེན་པོ་གང་ལེགས་མངོན་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ཉམས་མྱོང་གལ་ཆེན་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད།
མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས་ས་ཁུལ་གྱི་གདོང་ཐུག་དང་། གནམ་གཤིས་འགྱུར་ལྡོག འཕེལ་རྒྱས་དོ་སྙོམས་མེད་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མཉམ་དུ་འདྲེས་ཡོད། དེང་གི་འཛམ་གླིང་གིས་དུས་སྐབས་གང་རུང་ཞིག་ལས་ཀྱང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དེ་བས་རྒྱག་དགོས་ཀྱི་ཡོད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་སོགས་བཏོན་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་མིག་རྒྱང་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད། “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་དེ་བས་དོ་སྙོམས་དང་དེ་བས་བསྟུན་མཁས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡོད”ཅེས་སེན་ཐེ་ལི་ཡཱས་བརྗོད།
འབྲེལ་ཡོད་གསར་འགྱུར།