དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་སྐྱོང་གི་ཤུགས་ཚད་ལ་བརྟེན་ནས་དམངས་འཚོའི་དྲོ་སྐྱིད་འགན་སྲུང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཉི་དབྱི།   |     སྤེལ་དུས།  2026-08-05

    ལྐོག་གྱུར་གྱི“གསང་སྒམ”ཞིག་ཁ་ཕྱེ་ན། མི་སྒེར་གྱི་གསང་བ་ཧ་གོ་མེད་པར་ཕྱིར་གྱར་བ་སོགས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱབ་བསྒྲགས་བྱས་པའི“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེའི་ནང་། “དྲ་རྒྱའི་གསང་སྒམ་ཁ་འབྱེད”ཀྱི་གྱོད་གཞི་ཚབས་ཆེན་ཞིག་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཅིང་། ཉེས་ཅན་པས་གསང་སྡོམ་འཕྲིན་གཏོང་ཡོ་ཆས་སྤྱད་དེ་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཁག་དུང་ཕྱུར་9ལྷག་ཙམ་ཁྲིམས་འགལ་ངང་རག་ཐབས་བྱས་པ་དང་། མི་2000 ལྷག་ཙམ་ལས་གྲུབ་པའི“གསང་སྒམ་ཁ་འབྱེད”ཚོགས་པ་བཙུགས་ཏེ། མི་སྒེར་གྱི་གསང་བ་རང་དགར་ཕྱིར་གྱར་བ་དང་དྲ་རྒྱའི་གཏུམ་སྤྱོད་ངན་སྐུལ་བྱས་ཡོད་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་རྗེས་དུས་གཅིག་ཏུ་ཐེ་ཞུགས་བྱས་ཏེ། སྤྱི་བདེ་དང་། དྲ་འཕྲིན། བཟོ་འཕྲིན་སོགས་སྡེ་ཚན་མང་པོ་དང་མཉམ་ལས་བྱས་ནས། རྟོག་བཟོའི་དངུལ་ལོར་གྱི་གསང་མིང་རྫུན་རྐུབ་བརྟོལ་བ་དང་། མ་དངུལ་རྒྱབ་ཀྱི་ཐོབ་ཐང་ངོ་མ་གཏན་འཁེལ་བྱས་ཏེ། ཁ་གསལ་ཞིང་ཆ་ཚང་བའི་དཔང་རྟགས་ཕྲེང་འབྲེལ་བཙུགས་ནས་ཉེས་ཅན་པ་ཁྲིམས་ལ་སྦྱར་ཡོད། གྱོད་དོན་ཞིབ་དཔྱོད་བྱས་རྗེས། ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་འབྲེལ་ཡོད་དྲ་ཚུགས་དང་ཚོགས་པ་མེད་པར་བཟོ་བར་སྐུལ་འདེད་བཏང་སྟེ། མངའ་ཁོངས་ནང་གི་ལས་སྟེགས་ལ་སྔོན་ཚུད་ཉེན་བརྡ་བཏང་ཞིང་། མི་སྒེར་གྱི་ཆ་འཕྲིན་འབྱུང་རྩ་ནས་ཕྱིར་མི་གྱར་བའི་འབད་བརྩོན་བྱས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམངས་འཚོ་ནི་གལ་ཆེ་ཤོས་ཡིན”ཞེས་ནན་བཤད་གནང་བ་དང་། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག “ཐབས་མང་མཉམ་སྤྱོད་ཀྱིས་དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས”ཞེས་བསྟན་གནང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འདས་ཟིན་པའི་ལོ་གཉིས་ནང“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་བའི་རྨང་གཞིའི་ཐོག རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྔར་བས་གཏིང་ཟབ་སྤེལ་དགོས་པའི་བཀོད་སྒྲིག་བྱས་ཤིང་། “གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། གཙོ་གནད་མི་ཚོགས་ལ་དམིགས་པ། དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱེད་པ”བཅས་ཕྱོགས་3ལ་དམིགས་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་དམངས་དོན་ལྟ་སྐུལ་གྱོད་གཞི་སྒྲུབ་པར་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་ལས་འགན་ཁག་16ལ་དམིགས་ནས། ཞིབ་དཔྱོད་འགན་སྒྲུབ་དེ་ཉིད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་མཉམ་འདྲེས་ཐུབ་པར་བྱས་ཡོད་པ་རེད།

    གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རིང་དམངས་ཆེད་ཁྲིམས་འཛིན་མཐའ་འཁྱོངས་བྱས་པ།

    དངུལ་རྩ་དང་ས་ཁང་བདག་ཁོངས་སོགས་ཁྱབ་ཁོངས་ཀྱི་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ། དཔལ་འབྱོར་གྱི་ཉེན་ཁ་འགོག་སེལ་ལ་རམ་འདེགས་བྱེད་པ་ནས། ཤེས་རིག་བདག་དབང་གི་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི་བར་དང་། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འདྲ་མཉམ་སྲུང་སྐྱོང་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་བའི་བར་སོགས། ཞིབ་དཔྱོད་ལས་ཁུངས་ཀྱིས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེན་པོས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབས་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ཏེ་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

    གཙོ་གནད་མི་ཚོགས་ལ་དམིགས་ཏེ། ངལ་རྩོལ་པ་དང་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད།

    “ཞིབ་དཔྱོད་དཔོན་ལགས། ང་ཚོའི་དངུལ་རྩིས་ཁྲར་འབྱོར་སོང” ད་ལོའི་ཟླ་3པར། ཅང་ཤིས་ཧྲང་རའོ་གྲོང་ཁྱེར་ཤིན་ཀྲོའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་ཞིང་པ་ལས་མི་ལའོ་ཁྲེན་གྱི་གཏམ་བཟང་ཁ་པར་ཞིག་འབྱོར་བ་རེད།

    དེ་གོང་། ལའོ་ཁྲེན་དང་ལས་རོགས་94ཡི་གླ་ཆ་སྒོར་ཁྲི་120ལྷག་ཙམ་འགྱངས་ཆད་བྱས་ནས་ལོ་གཅིག་ཙམ་སོང་ཡོད། ཁྲུན་གཅོད་རྒྱལ་བ་དང་སྦྲགས། ཁྲིམས་ཁང་གིས་ཀྱང་ལག་བསྟར་ཆོག་པའི་བཀའ་བཅད་བཏང་མོད། འོན་ཀྱང་གོ་རིམ་འབྲེལ་མཐུད་ལ་གནད་དོན་ཡོད་པས་འཕེལ་མེད་སོར་གནས་སུ་ལུས་ཡོད་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ལམ་སྲོལ་གྱི་འགག་གནད་ལ་ཐད་ཀར་དམིགས་ཏེ་གནད་ལ་འཁེལ་བའི་ཡིག་ཐོག་ཞིབ་དཔྱོད་བསམ་འཆར་ཞིག་བཟོས་ནས་ཁྲིམས་ཁང་ལ་བསྐུར་བ་དང་དུས་མཚུངས། ཁྲིམས་ཁང་དང་། མི་སྤྱི། བཟོ་ཚོགས་སོགས་སྡེ་ཚན་དང་མཐུན་སྦྱོར་གྱིས་ངོ་འཕྲད་གྲོས་མོལ་དང་། འགན་འཁྲི་གསལ་བཟོ། ལས་རིམ་ཤར་གཏོང་སོགས་བྱས་ཤིང་། ཉིན་ཤས་སོང་རྗེས། བཟོ་པའི་གླ་ཆ་ཆད་ལུས་མེད་པར་རྩིས་ཁྲར་འབྱོར་ཡོད་པ་རེད།

    “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ཀྱིས་ཐོག་མཐའ་བར་གསུམ་དུ་བུད་མེད་དང་། བྱིས་པ། རྒན་རྒོན། དབང་སྐྱོན་སོགས་དམིགས་བསལ་ཚོགས་སྤྱིའི་བདེ་སྡུག་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཅིང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཁྱབ་ཁོངས་སུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག“ཐར་པར་གཏན་ནས་མི་གཏོང་བར”2025ལོར་མི་ཁྲི་7.3ཁྲིམས་ལ་སྦྱར་ཡོད། ཉེས་གསོག་དང་འབྲེལ་བའི་ཕྲུ་གུར“སློབ་གསོ་དང་། བློ་འགུག སྐྱོབ་ཐབས”བཅས་གང་ཐུབ་བྱས་ནས། ཁྲིམས་ལྟར་ཆ་རྐྱེན་ཟུར་སྣོན་སྤྱད་དེ་མི་ཁྲི་1.6ཁྲིམས་ལ་སྦྱར་མེད། བུད་མེད་དང་། རྒན་རྒོན། དབང་སྐྱོན་སོགས་ཀྱི་ཚོགས་སྤྱིར་ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་མཚུངས་ཀྱི་ལྟ་སྐྱོང་ཞིབ་ཚགས་བྱས་ཤིང་། གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པ་ནས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བར། དྲོ་སྐྱིད་ལྡན་པའི་ཁྲིམས་འཛིན་སྲུང་སྐྱོང་དྲ་བ་ཞིག་དེ་བས་ཚགས་དམ་དུ་འགྲོ་བཞིན་ཡོད་པ་རེད།

    དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ།

    ཨན་ཧུའེ་སུའུ་ཀྲོའུ་གྲོང་ཁྱེར་དུ་ཞིབ་དཔྱོད་ལས་ཁུངས་ལ་རྒྱུན་གཏན་དང་མི་འདྲ་བའི“ངལ་རྩོལ་འབྲེལ་བ་གཏན་འཁེལ”གྱི་གྱོད་གཞི་ཁག་གཅིག་ཤེས་རྟོགས་བྱུང་བ་སྟེ། ཞུ་སྦྱོར་སྔ་མས་བཏོན་པའི་རེ་བ་ཚང་མ་ཞུ་སྦྱོར་ཕྱི་མས་ཁས་ལེན་བྱས་ཡོད། བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ངལ་ལས་མཚམས་སྦྱོར་བ་ཞིག་གིས་ཁེ་ལས་ཤིག་གི་འགན་འཁུར་བ་དང་ངན་པ་ལག་འབྲེལ་བྱས་ཏེ། ངལ་རྩོལ་གན་རྒྱ་དང་གླ་ཆའི་རེའུ་མིག་ཆ་ཚང་རྫུན་བཟོ་དང་མི་81“ལོ་མང་ལས་ཀ་བྱས་པའི”རྣམ་པ་རྟོག་བཟོ་བྱས་ནས། གོ་ཆོད་པའི་དཔྱད་གཅོད་སྤྱད་དེ་སྒྲིག་འགལ་ངང་རྒན་གསོའི་འགན་བཅོལ་དངུལ་གསབ་འཇལ་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་གཡོ་ལེན་བྱེད་རྩིས་ཡོད་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་བསྐྱར་ཞིབ་ཞིབ་དཔྱོད་བསམ་འཆར་ཁྲིམས་ཁང་གིས་དང་ལེན་བྱས་ཏེ། ནོར་འཁྲུལ་གྱི་དཔྱད་གཅོད་ཚང་མ་ཕྱིར་འཐེན་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་ཁུངས་སྣེ་མི་སྤྱི་སྡེ་ཚན་ལ་དུས་ཐོག་ཏུ་རྩིས་སྤྲད་དེ། ཞིབ་བཤེར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་ཞིབ་དཔྱོད་བསམ་འཆར་བཏོན་ནས། གྱོད་གཞིའི་ཁུངས་སྣེ་རྩིས་སྤྲོད་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། འབྱུང་རྩ་ནས་མང་ཚོགས་ཀྱི“རྒན་གསོའི་དངུལ”དང“སྲོག་སྐྱོབ་དངུལ”ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་ཡོད་པ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཞིབ་དཔྱོད་ལས་ཁུངས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེན་པོས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབས་ནས། མི་དམངས་ཀྱིས་ཚོར་ཐུབ་པ་དང་། ཉམས་ལེན་ཐུབ་པ། ཕན་པ་ཐོབ་པ་བཅས་ཀྱི་དམངས་ཆེད་ཞིབ་དཔྱོད་ལས་དོན་ཏན་ཏིག་བསྒྲུབས་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ཏེ་དམངས་འཚོར་འགན་སྲུང་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།