ན་ནིང་རང་རྒྱལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་107591ཟིན་པ།
ཉེ་ཆར། དམངས་སྲིད་པུའུ་དང་རྒྱལ་ཡོངས་ན་རྒས་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ན་རྒས་བྱ་གཞག་འཕེལ་རྒྱས་སྤྱི་བསྒྲགས》ནང་མངོན་པར། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་107591ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི་309འཕར་ཡོད་པ་རེད།
2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་ཁྲི་32338ཟིན་པ་དེས་སྤྱིའི་མི་འབོར་གྱི་23.0%བཟུང་བ་དང་། རྒྱལ་ཡོངས་སུ་ལོ་65དང་དེ་ཡན་གྱི་རྒན་རྒོན་མི་འབོར་ཁྲི་22365ཟིན་པ་དེས་སྤྱིའི་མི་འབོར་གྱི་15.9%བཟུང་ཡོད། རྒྱལ་ཡོངས་སུ་ལོ་65དང་དེ་ཡན་གྱི་རྒན་རྒོན་མི་འབོར་གྱི་འཚོ་སྐྱོང་བསྡུར་ཚད་23.1%ཟིན་པ་དང་། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.25ཟིན་ཡོད།
སྤྱི་བསྒྲགས་ནང་མངོན་པར། རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་རྒན་གསོའི་སྒྲིག་གཞི་སྣ་ཚོགས་དང་སྒྲིག་བཀོད་ཁྱོན་ཁྲི་39.5(གསོ་བཅོས་ཟུང་འབྲེལ་སྒྲིག་གཞི་ཚུད་པ)ཡོད་པ་དང་། རྒན་གསོའི་ཉལ་ཁྲི་ཁྱོན་ཁྲི་767.9ཡོད། དེའི་ནང་ཐོ་འགོད་བྱས་པའི་རྒན་གསོའི་སྒྲིག་གཞི་ཁྲི་3.92དང་ཉལ་ཁྲི་ཁྲི་498.4(ནད་སྐྱོང་ཉལ་ཁྲིའི་བསྡུར་ཚད་69.9%བཟུང་བ)ཡོད་པ་དང་། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་སྒྲིག་བཀོད་ཁྲི་35.61དང་ཉལ་ཁྲི་ཁྲི་269.5ཡོད། རྒྱལ་ཡོངས་སུ་རྫོང་རིམ་པའི་གཞུང་བཙུགས་རྒན་གསོའི་སྒྲིག་གཞི་4730ཡོད་པ་དང་ཁྱབ་ཚད་100%ཟིན་པ། ཤང་དང་གྲོང་རྡལ(ཁྲོམ་གཞུང)ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཁྲི་2.05བསྐྲུན་ཟིན་ནས་བསྐྲུན་ཚད་53%ཟིན་པ། རྒན་གསོ་ཁང་5776ལ“ཤང་གི་རྒན་གསོ་ཁང་རྫོང་གིས་དོ་དམ་བྱེད་པའི”སྒྱུར་བཅོས་ལག་བསྟར་བྱས་པ། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་སྒྲིག་གཞི་ཁྲི་1.6དང་རོགས་རེས་རྣམ་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁྲི་14ལྷག་ཙམ་ཡོད། མ་དངུལ་སྒོར་དུང་ཕྱུར་9བཏང་ནས་ས་ཁུལ་50ཡིས་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་འཛུགས་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན། ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་ཁྲི་57བཙུགས་པ་དང་ཁྱིམ་སྡོད་རྒན་གསོའི་ཐད་སྒོ་རྩར་བསྐྱོད་ནས་མི་ཐེངས་ཁྲི་3000ལ་ཞབས་འདེགས་ཞུས་ཡོད། གྲོང་ཁྱེར་གྱི་སྡོད་གནས་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 2025ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.71གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པ་དང་། རྒན་གསོ་སོགས་རིགས་ཁག་གི་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་4300ལྷག་ཙམ་མང་དུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།