ཀྲེ་ཅང་དབུན་ཀྲོའུ་ཡིས་ཞིང་དོན་ཞབས་ཞུའི་ལྟེ་གནས་གསར་པ་འཚོལ་ཞིབ་བྱས་ནས་བསྐྲུན་པ།
སྔ་སྨིན་འབྲས་གསོག་ཉར་ཚབ་གཉེར་དོ་དམ་ཡག་པོ་བྱས་ནས་དམངས་ཀྱི་སེམས་ཁྲལ་ཆུང་དུ་བཏང་བ།
ལོ་ལྟར་སྔ་སྨིན་འབྲས་བསྡུ་བའི་སྐབས་སུ་ཀྲེ་ཅང་དབུན་ཀྲོའུ་ལེ་ཆིང་གྲོང་ཁྱེར་གྱི་འབྲུ་འདེབས་དུད་ཚང་ཆེན་པོའི་ཧྲི་ཤིས་ཧྭ་ལ་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། ཁོང་གིས“ཟླ་7པ་དང་8པར་ཆར་ཆུ་མང་བའི་ཁར། གལ་ཏེ་རྒྱ་མཚོའི་རླུང་འཚུབ་ལྡང་ཚེ་འབྲུ་རིགས་བསྡུ་ཉར་དང་སྲོ་སྐམ་གཏོང་ཁོམ་ཡོང་གི་མི་འདུག”ཅེས་བཤད།
ད་ལོ་འབྲུ་རིགས་མ་བསྡུས་གོང་ཁོང་གིས་སེམས་ཁྲལ་གང་ཡང་མེད་པར་ཁ་པར་ཞིག་བརྒྱབ། “དེ་རིང་སང་ཉིན་ངེད་ཁྱིམ་གྱི་སྔ་སྨིན་འབྲས་བསྡུ་མཁན་ཡིན་པས། བཀོད་སྒྲིག་བྱེད་ཐུབ་བམ”ཞེས་བཤད་པར། ཀྲེ་ཧྥེང་ཞིང་དོན་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཁྲེན་ཏན་གྱིས་མངགས་ཐོར་བལྟས་རྗེས་བློ་ཐག་ཆོད་པོས་བཀོད་སྒྲིག་བྱེད་ཐུབ་པ་འདུག་ཅེས་ལན་བཏབ།
ཁ་ཆད་བྱས་པའི་ཉིན་དེའི་ཞོགས་པའི་ཆུ་ཚོད་6པར་ཧྲི་ཤིས་ཧྭ་དུས་ཐོག་ཏུ་རང་ཁྱིམ་གྱི་འབྲས་ཞིང་འགྲམ་དུ་སྒུག་ནས་བསྡད། “ཞབས་ཞུ་ལྟེ་གནས་ཀྱིས་རླངས་འཁོར་རུ་ཁག་མངགས་ཡོད་པས་ང་ཚོས་འབྲུ་རིགས་བསྡུ་དགོས་མེད”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་ལས་དོན་པར་བཤད། ཞིང་ནང་དུ་བརྔ་བསྡུ་འཕྲུལ་འཁོར་གྱིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་ཅིང་། ཞིང་འགྲམ་གྱི་འབྲུ་རིགས་སྐྱེལ་འདྲེན་རླངས་འཁོར་ནང་རིམ་བཞིན་འབྲུ་རིགས་ཀྱིས་ཁེངས། ཉིན་ཕྱེད་ཁོ་ནར་འབྲས་ཞིང་མུའུ་100བརྔ་བསྡུ་ཟིན་པ་དང་། འབྲུ་རློན་པོ་ཏུན་50ཐད་ཀར་ཞིང་དོན་ཞབས་ཞུ་ལྟེ་གནས་སུ་དབོར།
རླངས་འཁོར་རུ་ཁག་དང་མཉམ་དུ་རླངས་འཁོར་བཏང་ནས་སྐར་མ་20སོང་རྗེས། ཧྲི་ཤིས་ཧྭ་རང་ཁྱིམ་གྱི་ཞིང་ཁ་ནས་ཞབས་ཞུ་ལྟེ་གནས་ཀྱི་འབྲུ་གཙང་ལྟེ་གནས་སུ་འབྱོར། སྲོ་སྐམ་ཚར་མ་མང་པོ་གྲལ་འགྲིག་པོར་བཞག་པ་དང་། སྒྲིག་ཆས་མང་པོ་གཞི་གཅིག་ཏུ་མཉམ་འགུལ་བྱས་ཏེ་འབྲས་སོབ་སྲོ་སྐམ་དང་རླུང་འཕྱར་སོགས་བཏང་ནས་ཐད་ཀར་འབྲུ་མཛོད་ནང་བཅུག ཁྲེན་ཏན་གྱིས་2024ལོར་འབྲུ་རིགས་དངོས་ཟོག་སྡེ་ཚན་གྱི་མཛུབ་ཁྲིད་འོག་ཞབས་ཞུ་ལྟེ་གནས་ཀྱིས་མ་དངུལ་སྒོར་ཁྲི་500བཏང་ནས་འབྲུ་གཙང་ལྟེ་གནས་བསྐྲུན་པ་དང་། ཏུན་20རིམ་པའི་སྲོ་སྐམ་འཕྲུལ་འཁོར་12དང་འབྲུ་སྐམ་པོ་དང་རློན་པོ་རླུང་འཕྱར་སྒྲིག་ཆས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་པས། འབྲུ་རིགས་སྲོ་སྐམ་དང་། རླུང་འཕྱར། གསོག་ཉར། དབོར་འདྲེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་བཅོལ་གཉེར་ཞབས་འདེགས་ཞུ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
འོན་ཀྱང་དེ་སྔ་རླངས་འཁོར་རུ་ཁག་བཙལ་ནས་འབྲུ་རིགས་དབོར་བ་དང་། གང་སར་ལས་ཁོམ་ཡོད་པའི་སྲོ་སྐམ་ས་ཚིགས་འཚོལ་བ། སྲོ་སྐམ་བཏང་རྗེས་ད་དུང་འབྲུ་མཛོད་ཀྱི་ལས་དོན་མི་སྣར་འབྲེལ་གཏུག་བྱེད་པ་སོགས་ཀྱི་ལས་ཀ་དེ་དག་ཚང་མ་ཧྲི་ཤིས་ཧྭ་སོ་སོས་བྱེད་དགོས་ཀྱི་ཡོད། “ཉོ་མཁན་མང་བའི་སྐབས་སུ་འབྲུ་རིགས་ཏུན་20བླུགས་པའི་རླངས་འཁོར་བང་བསྒྲིགས་ནས་འབྲུ་འབེབས་པ་ཁོ་ནར་ཉིན་ཕྱེད་ཙམ་འགོར་གྱི་འདུག”ཅེས་ཧྲི་ཤིས་ཧྭ་ཡིས་བཤད།
ད་ཆ་ཞབས་ཞུ་ལྟེ་གནས་སུ་བང་བསྒྲིགས་ནས་སྒུག་མི་དགོས་པར་འབྲུ་རློན་པོ་ཏུན་50སྔོན་ལ་ལྗིད་ཚད་འདེགས་པ་དང་། དེ་རྗེས་མགྱོགས་མྱུར་རླན་ཚད་དང་ལྕགས་རིགས་ལྗིད་གྲས་སོགས་ཀྱི་ལྟ་ཞིབ་བྱས་རྗེས་ལམ་སེང་རང་འགུལ་མདོང་ལམ་བརྒྱུད་སྲོ་སྐམ་སྒྲིག་ཆས་ནང་བླུགས་ཀྱི་ཡོད་པས། སྐར་མ་30ལྷག་ཙམ་ལས་འགོར་གྱི་མེད། འབྲུ་རིགས་ཚར་མ་བཟོས་རྗེས་ཆུ་ཚོད་15ཡི་རིང་ཧྲེ་ཧྲི་ཏུའུ་55མན་གྱི་དྲོད་ཚད་དམའ་ལ་མྱུར་ཚད་དལ་བའི་རང་འགུལ་སྲོ་སྐམ་གཏོང་འགོ་ཚུགས་ཀྱི་ཡོད།
ཧྲི་ཤིས་ཧྭ་ཁྱིམ་གྱི་གསར་དུ་བསྡུས་པའི་འབྲུ་རིགས་དེ་དག་འབྲུ་རིགས་ཏུན་ཁྲི་20ལྷག་ཙམ་མཛོད་ཉར་ཐུབ་པའི་དབུན་ཀྲོའུ་གྲོང་ཁྱེར་འབྲུ་རིགས་གསོག་འཇོག་ཕན་ཆའོ་མཛོད་ཁང་དུ་དབོར་ཡོད། འབྲུ་རིགས་རིག་ནུས་མཛོད་འཇུག་འཕྲུལ་མིས་འབྲུ་རིགས་རང་འགུལ་ངང་མཛོད་འཇུག་དང་། རིམ་པ་རེ་རེ་བཞིན་སྙོམས་པོར་བཀྲམ་ནས་འབྲུ་རིགས་མགྱོགས་མྱུར་མཛོད་འཇུག་བྱས་པའི་ལས་རིམ་ཧྲིལ་པོ་རང་འགུལ་ཅན་དུ་མངོན་འགྱུར་བྱུང་ཡོད།
འབྲུ་རིགས་མཛོད་འཇུག་བྱེད་པ་ནས་འབྲུ་དངུལ་རྩིས་ཁྲར་འབྱོར་བའི་བར་མགྱོགས་ཤོས་ལ་ཆུ་ཚོད་24ལས་འགོར་གྱི་མེད། “གཙོ་བོ་ང་ཚོའི་སེམས་ཁྲལ་ཆུང་དུ་ཕྱིན་སོང་། སྔ་སྨིན་འབྲས་ནི་གནམ་དྭངས་པའི་སྐབས་དང་བསྟུན་ནས་བསྡུ་དགོས་པ་དང་། འབྲུ་རློན་པོ་དུས་ཐོག་ཏུ་སྐམ་དགོས་པ་མ་ཟད། ཕྱི་སྨིན་འབྲས་ཡང་མུ་མཐུད་འདེབས་དགོས་པས། སོ་ནམ་དུས་ཚོད་དམ་འཛིན་བྱེད་དགོས་ཀྱི་འདུག”ཅེས་ཧྲི་ཤིས་ཧྭ་ཡིས་བཤད་ཅིང་། ཁོང་གིས། དེ་སྔ་ངེད་ཁྱིམ་གྱིས་བཏབ་པའི་འབྲུ་རིགས་ཚང་མ་བརྔ་བསྡུ་མཛོད་འཇུག་བྱེད་པར་ཉུང་མཐར་ཡང་ཉིན་10ལྷག་ཙམ་འགོར་གྱི་འདུག ད་ཆ་སྔོན་ཚུད་ནས་མངགས་ན་མང་ཤོས་ལ་ཉིན་4ལས་འགོར་གྱི་མེད། “ལས་རིམ་ཧྲིལ་པོ་ཚབ་སྒྲུབ་བྱེད་ཀྱི་འདུག་པས། ངས་འབྲུ་རིགས་བཙོངས་པའི་དངུལ་འབྱོར་རྒྱུར་སྒུག་ནས་སྡོད་པ་ལས་གཞན་གང་ཡང་བྱེད་དགོས་ཀྱི་མི་འདུག”ཅེས་བཤད།
དབུན་ཀྲོའུ་ཡིས་དེང་རབས་ཅན་གྱི་ཞིང་དོན་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཀྲེ་ཧྥེང་དང་འདྲ་བའི་ཞིང་དོན་ཞབས་ཞུ་ལྟེ་གནས་80ལ་འབྲུ་རིགས་གཙང་བཟོའི་ཁུལ་བཙུགས་པར་ཉིན་རེར་འབྲུ་རིགས་ཏུན་9000ལྷག་ཙམ་སྲོ་སྐམ་རླུང་འཕྱར་གཏོང་ཐུབ་པ་དང་། ད་ལོ་སྔ་སྨིན་འབྲས་ཉོ་སྒྲུབ་དུས་ཚིགས་སུ་འབྲས་ཏུན་ཁྲི་4ལྷག་ཙམ་སྲོ་སྐམ་རླུང་འཕྱར་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།