ཉིན་མཚན་དབྱེར་མེད་དམངས་ཀྱི་སེམས་ཁྲལ་བསལ། ཞབས་ཞུ་རིམ་སྤོར་དམངས་སེམས་དྲོ་བར་བྱས།
——ཁྲེང་ཀོན་ཆུས་བཀྲ་ཤིས་སྡེ་ཁུལ་གྱིས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་བ།
ཞོགས་པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་ནས་རྒྱུན་གཏན་གྱི་རྣམ་པ་འདི་འདྲ་ཞིག་མངོན་པ་སྟེ། སྡེ་ཁུལ་གྱི་ལས་དོན་པ་ཚོས་གྲལ་སྒོར་དུ་བསྡད་དེ་ཁ་སང་དགོང་མོ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་པའི་གནད་དོན་གྱི་གསལ་ཐོར་གཞིགས་ནས་ཉིན་རེའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།
“དེ་སྔོན་གྲོང་མིས་ལས་སྒོ་གཉེར་བར་ཡོང་རྒྱུ་བསྒུགས་ནས་སྡོད་ཀྱི་ཡོད་པས། བྲེལ་བ་ཆེ་ལ་ལས་ཕྱོད་ཀྱང་ཆེན་པོ་མེད” རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད། སྡེ་ཁུལ་གྱིས་སྒྲིག་སྲོལ་བཟོས་ནས། ཉིན་ལྟར་ཞོགས་པར་དེ་ཉིན་གྱི་ལས་འགན་ཁ་གསལ་བཟོ་བ་མ་ཟད། དགོང་མོ་རེ་ཞུ་བསྡུ་རུབ་དང་། དཀའ་གནད་གསེད་བཀྲོལ། ཐབས་ཇུས་གྲོས་བསྡུར་བཅས་བྱས་ནས། མང་ཚོགས་ཀྱི་རེ་ཞུ་ཚང་མར་ལན་བསློགས་པ་དང་། ཁོར་ཡུག་གཙང་སྦྲ་དང་། སྒྲིག་བཀོད་ཉམས་གསོ། འགལ་ཟླ་དང་རྩོད་གཞི་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་ཆབས་ཅིག ཁེར་སྡོད་རྒན་རྒོན་ལ་རྒྱུན་གཏན་ནས་གཅེས་སྐྱོང་བྱས་ཏེ་གྲོང་མིའི་སྡོད་གནས་ཀྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད་ཅེས་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས།
ཉིན་ལྟར་ཞོགས་པ་སྔ་པོ་ནས་ཞོགས་ཚོགས་དུས་ཐོག་ཏུ་འཚོག་གི་ཡོད་ཅིང་། ཚང་མས་སྔོན་ལ་ཉིན་གོང་མར་གྲོང་མིས་བཏོན་པའི་གནད་དོན་ཐེངས་གཅིག་བཤེར་རྗེས་གཞི་ནས་ལས་བགོས་ཡག་པོ་རྒྱག་པ་དང་ལས་འགན་མི་ཐོག་ཏུ་འཁྱོལ་བར་བྱས་ནས་གནད་དོན་གཅིག་ཀྱང་མ་ལུས་པ་བྱེད་ཀྱི་ཡོད།
ས་སྲོད་ཀྱི་ཕྱོགས་སྡོམ་འཆར་ཅན་ཚོགས་འདུ་དེ་གནད་སྨིན་ནུས་ཆེའི་ལས་དོན་གྱི“ལྷན་འཛོམས་ནད་དཔྱད”ཅིག་དང་འདྲ་ཞིང་། ཚང་མས་མཉམ་དུ་དེ་ཉིན་བསྒྲུབས་ཟིན་པའི་ལས་དོན་རེ་རེ་བཞིན་བཤེར་བ་དང་ལེགས་གྲུབ་མ་བྱུང་བའི་ལས་དོན་ཐོ་གཞུང་བཟོས་ནས་རིགས་དབྱེ་གསེད་བཀྲོལ་བྱེད་ཀྱི་ཡོད། ས་གནས་ས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་ཐུབ་རིགས་འགན་འཁུར་བ་ཁ་གསལ་བཟོས་ནས་འཕྲལ་མར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། གནས་སྐབས་ཐག་གཅོད་བྱེད་ཐབས་བྲལ་རིགས་དེའི་རྒྱུ་རྐྱེན་གསལ་བཤད་ཞིབ་ཕྲ་རྒྱག་པ་དང་། ཐག་གཅོད་ཀྱི་དུས་བཀག་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་ཀྱི་ཡོད།
དེ་བས་གལ་འགངས་ཆེ་བ་ཞིག་ནི་ཚང་མས་གཞུང་ལས་ཁང་དུ་གྲོང་མི་ཡོང་རྒྱུར་བསྒུགས་ནས་མི་སྡོད་པར། སྤྱི་ཚོགས་ལས་དོན་པ་ཚོས་རང་འགུལ་ངང་དྲ་མིག་དང་དུད་ཚང་དུ་བསྐྱོད་དེ་སྔོན་ཚུད་ནས་དགོས་མཁོ་ཤེས་རྟོགས་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཀྱི་ཡོད།
སྡེ་ཁུལ་གྱི་ཞབས་ཞུའི་སྤུས་ཚད་རིམ་སྤོར་ཐད་གྲོང་མི་བཀྲ་ཤིས་སྒྲོལ་མར་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཉིན་ཤས་གོང་། ཁོང་གིས་ཁང་པའི་བར་ཁྱམས་སུ་ཅ་ལག་ཙག་ཙིག་གང་བྱུང་དུ་སྤུངས་པའི་གནད་དོན་སྙན་སེང་ཞུས་པས། སྡེ་ཁུལ་གྱིས་ཉིན་དེ་རང་ལ་སྒོ་རྩར་གཙང་བཤེར་བཅོས་སྒྲིག་བྱས་པ་དང་། ཁྱིམ་མཚེས་དབར་གྱི་འགལ་ཟླ་དང་རྩོད་གཞིར་ཆ་མཚོན་ནའང་ལས་དོན་པས་དུས་ཐོག་ཏུ་བར་འདུམ་ཐག་གཅོད་བྱེད་ཀྱི་ཡོད། ད་ཆ་སྡེ་ཁུལ་གྱི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་མཁན་ཡོད་པ། རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་ཡོད་པ་བཅས་ལས་ཕྱོགས་གང་སར་དྲོ་སྐྱིད་ཀྱི་རྣམ་པ་མཐོང་རྒྱུ་ཡོད་པ་དང་གྲོང་མི་ཚོའང་བློ་བདེ་པོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།