དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ནུས་རྒྱུའི་ཐོན་ལས་ལ་སྣེ་ཁྲིད་བྱས་ཏེ།

    ལྗང་མདོག་ཕྱོགས་སུ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ས་མཐོའི་ཉི་འོད་དང་། རླུང་ཤུགས། དེ་བཞིན་ཁྱད་ལྡན་ནས་བཅས་ཀྱི་ཐོན་ཁུངས་ལྗང་མདོག་འཕེལ་རྒྱས་ཀྱི་དཔལ་འབྱོར་སྒུལ་ཤུགས་སུ་གང་མགྱོགས་སྒྱུར་བར་བྱས་ཡོད་མོད། འོན་ཀྱང་ནུས་རྒྱུ་གསར་པའི་རྣམ་གྲངས་ལ་མ་དངུལ་མང་པོ་གཏོང་དགོས་པ་དང་ཕན་འབྲས་ཐོན་པའི་དུས་འཁོར་རིང་བ། ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་གྱི་འཁོར་སྦྲེལ་རྙོག་འཛིང་ཆེ་བས། ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་ཆབས་ཅིག “སྲིད་ཇུས་ལོངས་སུ་སྤྱོད་པ”དང“ཉེན་ཁ་འགོག་ཟོན་བྱེད་པ”གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་ཇི་ལྟར་བྱེད་པ་དེ་འཕེལ་རྒྱས་གཏོང་རིང་ངེས་པར་དུ་ཁ་གཏད་གཅོག་དགོས་པའི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཡོད།

    དེར་བརྟེན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་བྱེད་པ”དེ་ལྗང་མདོག་ཐོན་ལས་ལ་ཞབས་འདེགས་ཞུ་བའི་ཤུགས་རྒྱག་སར་བརྩིས་ནས། ཁེ་ལས་ཀྱི་ཆགས་འཇིག་དུས་འཁོར་ཧྲིལ་པོར་ཁྱབ་པའི་ཟུར་ཁྲིད་གནད་སྨིན་དང་ཉེན་ཁ་འགོག་ཟོན་བྱེད་པར་བརྟེན་ནས། ཁེ་ལས“ལྗང་མདོག་གི་ཕྱོགས་སུ་དར་རྒྱས་གཏོང་བའི”ལམ་བུར་གོམ་སྟབས་དེ་བས་བརྟན་ཞིང་རྒྱང་ཐག་རིང་པོ་སྐྱོད་པར་རོགས་རམ་བྱེད་བཞིན་ཡོད།

    ཐོག་མའི་དུས་མཚམས་སུ་ཉེན་གཡོལ་བྱ་ཆེད་སྒྲིག་སྲོལ་སྔོན་ལ་ལེགས་པར་བཟོས་པ།

    2023ལོར་ས་དགའ་ལུང་ཡོན་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་3600བཏང་ནས་ས་གནས་དེ་གར་འོད་ཤུགས་དང་རླུང་ཤུགས་ཀྱི་གློག་ཁང་བཙུགས་ཤིང་། ཁེ་ལས་ཀྱི་འགན་འཁུར་བ་ཀྲང་མིང་གིས“ནུས་རྒྱུ་གསར་པའི་ཁེ་ལས་ཀྱིས་དུས་འགོར་མ་དངུལ་མང་པོ་གཏོང་དགོས་པ་དང་འགྲོ་གྲོན་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡེབས་ནས་རྩིས་ཁྲ་བཟོ་དགོས་པས། དང་ཐོག་ང་ཚོས་དངོས་གནས་གང་འདྲ་བྱེད་དགོས་མིན་ཤེས་མ་སོང་། གལ་སྲིད་ཁེ་ལས་ཀྱིས་ཐོག་མ་ཉིད་ནས་རྩིས་ཁྲ་ཚད་དང་མཐུན་པ་ཞིག་མ་བཟོས་ན། ཕྱིས་ཀྱི་ལོ་ཁ་ཤས་སམ་ལོ་བཅུ་གྲངས་གཉེར་སྐྱོང་བྱེད་རིང་ཚང་མར་གནད་དོན་ཐོན་སྲིད”ཅེས་བཤད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ས་དགའ་རྫོང་ཁྲལ་དོན་ཅུས་ཀྱིས་ས་དགའ་ལུང་ཡོན་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་བློ་འདྲི་འབྱོར་རྗེས་ཁེ་ལས་ཀྱི་ཐོབ་ཁྲལ“ལོ་གསུམ་དཔྱ་ཁྲལ་རྩ་ཆག་དང་ལོ་གསུམ་དཔྱ་ཁྲལ་ཕྱེད་ཀ་གཅོག་པ”དང་། གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སོགས་ཀྱི་སྲིད་ཇུས་ལ་གཞིགས་ཏེ། རེ་རེ་བཞིན་ལ་སྲིད་ཇུས་སྤྱད་འཐུས་ཀྱི་ཆ་རྐྱེན་ཁ་གསལ་བཟོས་པ་དང་དཔྱད་གཞིའི་གསལ་ཐོ་བཤེར་བའི་གྲ་སྒྲིག་བྱས་པ་དང་འབྲེལ་གཞི་རྩའི་འཛུགས་སྐྲུན་དུས་སྐབས་ཀྱི་འགྲོ་གྲོན་ཕྱོགས་གཅིག་ཏུ་བསྡེབས་ནས་རྩིས་ཁྲ་བཟོ་བ་དང་ཡོང་སྒོའི་དཔྱ་ཁྲལ་གཅོག་འཐེན་བྱེད་པ་སོགས་ཀྱི་དོན་དངོས་ཀྱི་དཀའ་གནད་ལ་དམིགས་ཏེ་ཁེ་ལས་ལ་རོགས་རམ་བྱས་པ་རེད།

    འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བརྟག་དཔྱད་བྱས་ནས་གློག་རིན་ཚང་མ་ཞིབ་དཔྱད་ཐེག་ཐུབ་པ་བྱས་པ།

    རྣམ་གྲངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་རྒྱུན་གཏན་གཉེར་སྐྱོང་གི་ཚད་ལྡན་རང་བཞིན་དེ་ཁེ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགག་རྩར་གྱུར་ཡོད།

    ཀྲུང་གོ་ཀོང་ཧོ་ཚོགས་པ་ཚད་ཡོད་ཀུང་སིའི་བཞད་མཐོང་སྨོན་འོད་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ནས་གློག་གཏོང་ཚད་ཀྲའོ་ཝ་30ཟིན་གྱི་ཡོད་པ་དང་2025ལོའི་ལོ་འཁོར་མོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་2898.24ཟིན་ཡོད། གློག་གཏོང་ཡོང་འབབ་རྒྱུན་མཐུད་ཐོན་པ་དང་བསྟུན་ནས་ཡོང་འབབ་ཞིབ་རྩིས་རྒྱག་པ་དང་འཛིན་ཤོག་འབྲི་བ་ཚད་ལྡན་དུ་གཏོང་རྒྱུ་དེ་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཞད་མཐོང་སྨོན་རྫོང་ཁྲལ་དོན་ཅུས་ཀྱིས“ཕྱག་མཛོད་རྣམ་པའི”ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་ནས་དུས་བཀག་ལྟར་ཁེ་ལས་སུ་བསྐྱོད་དེ་ཡོང་འབབ་ཞིབ་རྩིས་དང་། བཙོངས་འཛིན་དོ་དམ། ཡོང་སྒོའི་ཁྲལ་འཐེན་འཕྲི་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ཁེ་ལས་ལ་མི་མངོན་པའི་ཉེན་ཁ་སྣ་ཚོགས་སེལ་རོགས་བྱས་པ་རེད།

    “ཁྲལ་དོན་མི་སྣས་ང་ཚོའི་ཁེ་ལས་ལ་བརྟག་དཔྱད་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ཁྲལ་དོན་དོ་དམ་སྔར་བས་ཚད་ལྡན་དུ་འགྲོ་བཞིན་འདུག ཁེ་ལས་ཡུན་རིང་འཕེལ་རྒྱས་གཏོང་འདོད་ན་ཡོང་འབབ་ཚང་མ་དང་བཙོངས་འཛིན་ཚང་མ་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས། དེ་ནི་ཁེ་ལས་ཀྱི་ཡིད་རྟོན་དང་གདེང་ཚོད་ཡིན”ཞེས་ཀྲུང་གོ་ཀོང་ཧོ་ཚོགས་པ་ཚད་ཡོད་ཀུང་སིའི་བཞད་མཐོང་སྨོན་འོད་ཤུགས་གློག་ཁང་གི་ནོར་དོན་པ་སྐུ་ཞབས་ཝུའེ་ལགས་ཀྱིས་དེ་ལྟར་བཤད།

    ཕྱོགས་སྒྱུར་དུས་མཚམས་ལ་མཐུན་རྐྱེན་སྦྱར་ནས་སྲོལ་མཐུན་གཉེར་སྐྱོང་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པ།

    ཕྱོགས་སྒྱུར་དུས་སྐབས་སུ་གནས་པའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན་སྒྲིག་སྲོལ་དང་མཐུན་པར་བྱེད་པ་ནི་མཐའ་ཚད་ཅིག་ཡིན་པ་མ་ཟད། སྲིད་ཇུས་ལོངས་སུ་སྤྱོད་པའི་སྔོན་འགྲོའི་ཆ་རྐྱེན་དེ་བས་ཡིན། གཞིས་རྩེ་ཙང་ཡན་བཟའ་བཅའ་ཚད་ཡོད་ཀུང་སིས་སྲོལ་རྒྱུན་གྱི་ནས་ལས་སྣོན་ནས་ཐཱན་ཉུང་ལས་སྣོན་ཞིབ་ཚགས་ཀྱི་ཕྱོགས་སུ་སྒྱུར་རིང་སྣུམ་སྲེག་མིན་པའི་ནས་བརྔོས་མ་དང་ནས་ཀྱི་སྐྱེ་དངོས་འོ་མ་སོགས་ཀྱི་ལྗང་མདོག་ཐོན་རྫས་བཏོན་ཡོད་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རྒྱལ་རྩེ་རྫོང་ཁྲལ་དོན་ཅུས་ཀྱིས“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གོང་འབུལ་དང་མ་གནས་ཞིབ་རྩིས་ཚད་ལྡན་དུ་གཏོང་རོགས་བྱས་པ་རེད།

    “དེ་སྔ་ང་ཚོས་རྩིས་ཐོ་གསལ་པོ་བཟོས་ན་འགྲིག་སྙམ་གྱི་ཡོད། རྗེས་སུ་གཞི་ནས‘གསལ་པོ’དང‘ཚད་ལྡན’ནི་ལོགས་བཀར་ཡིན་པ་ཤེས་བྱུང་། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་ཇི་ལྟར་བསྡུ་བ་དང་མ་གནས་ཇི་ལྟར་བགོ་བ་སོགས་རྩིས་ཐོ་ཚད་ལྡན་མེད་ན་གཟིགས་སྐྱོང་སྲིད་ཇུས་ཡོད་ཀྱང་ཁེ་ལས་ཀྱིས་ལོངས་སྤྱོད་བྱེད་ཐབས་བྲལ་བ་རེད”ཅེས་གཞིས་རྩེ་ཙང་ཡན་བཟའ་བཅའ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀུའོ་ཝུན་ཧུང་གིས་བཤད།

    ཐོག་མའི་དུས་མཚམས་སུ་ཉེན་ཁ་ལས་གཡོལ་རོགས་བྱེད་པ་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བརྟག་དཔྱད་བྱེད་རོགས་བྱེད་པ་དང་། དེ་ནས་ཕྱོགས་སྒྱུར་དུས་མཚམས་སུ་མཐུན་རྐྱེན་སྦྱོར་བའི་བར། གཞིས་རྩེ་ཁྲལ་དོན་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ལ“སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང”བྱེད་པའི་མཐའ་ཚད་སྲུང་རོགས་བྱ་རྒྱུ་དེ་ལྗང་མདོག་ཐོན་ལས་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།