ཀུ་ཤུ་ཆུང་ཆུང་ཚོང་ལམ་ཡངས། ཉིང་ཁྲིའི་ཐོན་ལས་འཕེལ་རྒྱས་མྱུར།
ཆ་སྙོམས་ས་བབ་སྨི་3000ཟིན་པ་དང་། ཉི་འོད་འཕྲོ་ཡུན་རིང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། གངས་ཆུའི་བཞུར་རྒྱུན་གཙང་བ་བཅས་ལས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་སུ་གྲགས་པའི་ཉིང་ཁྲིའི་ས་གཞིར་ཁ་མདོག་དམར་ལ་བྲོ་བ་ཞིམ་པ་དང་། ཁུ་བ་མང་བའི་ཀུ་ཤུ་བཏབ་ཡོད་ཅིང་། དེ་སྔའི“སིལ་འདེབས་སིལ་ཚོང”ནས་ད་ཆའི“ས་སྒྲོལ་ཕྱིར་ཚོང”བར་བྲག་ཡིབ་ཆུས་ཀྱིས་དམིགས་བསལ་གྱི་སྐྱེ་ཁམས་ལེགས་ཆར་གཞིས་ཚུགས་པའི་ཐོག ཚན་རྩལ་གསར་གཏོད་ཀྱིས་འདེགས་སྐྱོར་དང་། སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞིར་འཛིན་པ། ཞིང་འབྲེལ་ཞིང་ཁྲིད་ལྟེ་བར་བྱས་ནས་ས་མཐོའི་ཁྱད་ལྡན་ཀུ་ཤུའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།
སྣེ་ཁྲིད་དང་རྟེན་གཞི་བསྐྲུན་པས།
ཐོན་ལས་མེད་པ་ནས་ཡོད་པའི་བར་གྱི་འགྱུར་ལྡོག
2021ལོའི་གོང་དུ། བྲག་ཡིབ་ཆུས་ཀྱི་ཀུ་ཤུའི་ཐོན་ལས་ད་དུང“དུད་ཚང་ཁ་ཤས་ཀྱིས་འདེབས་པ་དང་གཞི་ཁྱོན་མེད་པའི”གནས་སུ་གྱར་ནས་ཐོན་འབབ་དམའ་བ་དང་། སྤུས་ཚད་ཞན་པ། སྤུས་རྟགས་མེད་པ། ཚོང་ལམ་ཡག་པོ་མེད་པ་བཅས་ཀྱི་རྐྱེན་ལས་ཞིང་འབྲོག་པར་ཡོང་འབབ་དེ་ཙམ་མང་པོ་མེད། གནས་སྟངས་དེར་འགྱུར་ལྡོག་བྱུང་ཚུལ་ནི་སྤྱི་ལེ་3000གིས་བར་ཆོད་པའི་ས་ཆ་ནས་ཀུ་ཤུའི་སྡོང་ཕྲུག་འཁྱེར་ཡོང་བ་ལས་བྱུང་བ་ཞིག་རེད།
ལོ་དེར་བྲག་ཡིབ་ཆུས་ཀྱིས་ཀུ་ཤུ་ཐོན་ཁུལ་གཙོ་བོ་ཡིན་པའི་ཧྲན་ཏུང་ཞིང་ཆེན་ནས་དབྱན་ཐའེ་ཏ་ཧྲན་ཤིང་འབྲས་ལས་རིགས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སི་གདན་དྲངས་ཏེ། བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་ནས་འཛིན་པ་གྲོང་ཚོར་མུའུ་200ཟིན་པའི་ཀུ་ཤུའི་སྡོང་ཕྲུག་འདེབས་འཛུགས་རྟེན་གཞི་བསྐྲུན་ཏེ། “ཁེ་ལས་དང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ”གྱི་བྱེད་ཐབས་ཐོག་ནས་ཀུ་ཤུའི་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་འཚོལ་ཞིབ་བྱེད་འགོ་ཚུགས་ཡོད།
ཁེ་ལས་ཀྱིས་མ་དངུལ་དང་། ལག་རྩལ། ཁྲོམ་ར་བཅས་མཁོ་འདོན་བྱས་ཀྱང་ས་མཐོར་འདེབས་འཛུགས་བྱ་རྒྱུ་དེ་ལད་མོ་བྱེད་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། དགུན་དཔྱིད་གཉིས་སུ་ལྷགས་པ་ཆེ་བ་དང་། དབྱར་སྟོན་གཉིས་སུ་སེར་བ་འབབ་པ། ས་རྒྱུ་ཞན་པ་བཅས་ཀྱི་རང་བྱུང་ཆ་རྐྱེན་ལ་དམིགས་ཏེ། གྲོང་ཚོ་དང་ཁེ་ལས་ཀྱིས་ཕྱར་བ་གྲུ་འདེགས་དང་འཚོལ་ཞིབ་བྱེད་ཀྱིན་ལག་ལེན་བསྟར་བ་དང་། ཡུལ་གཞན་གྱི་ས་རྒྱུ་དབོར་ནས་ལེགས་བཅོས་དང་། སྡོང་ཐུང་མཐུག་པོ་འདེབས་པ། ནུས་མང་དྲ་ཁང་རྒྱག་པ། ཆུ་ལུད་གཞི་གཅིག་ཅན་གྱི་ཞིང་ཆུ་གཏོང་བ། རང་བརྟེན་ཚོགས་ཆུང་གིས་སྡོང་ཕྲུག་འདེབས་གསོ་བྱེད་པ་སོགས་ལག་རྩལ་འགག་སྒྲོལ་རབ་དང་རིམ་པ་བྱས་མཐར་ཉིང་ཁྲིའི་ས་བབ་དང་གནམ་གཤིས་ཀྱི་ཁྱད་ཆོས་དང་འཚམ་པའི་ཀུ་ཤུ་འདེབས་སྟངས་ཤིག་རྙེད་དེ། “ཞང་ཧྥུའུ”དང་། “ཝེ་ནཱ་སི་གསེར་མདོག” “གནམ་ལྕགས”སོགས་ཀུ་ཤུ་སྤུས་ལེགས་སྣ་ཁ་4ཁྱབ་གདལ་དང་འདེབས་འཛུགས་ཐུབ་ཡོད།
ཚན་རྩལ་གསར་གཏོད་ལ་བརྟེན་པས“ལོ་གསུམ་ལ་འབྲས་བུ་བཏགས་ཀྱང་ལོ་ལྔ་སོང་རྗེས་གཞི་ནས་ཐོན་འབབ་བྱུང་བའི”ལས་རིགས་ཀྱི་རྒྱུན་སྲོལ་གཉེར་སྐྱོང་བྱེད་སྟངས་ལས་བརྒལ་བ་སྟེ། 2022ལོའི་ཟླ་བདུན་པར་བཏབ་པའི་ཀུ་ཤུའི་སྡོང་པོར་ལོ་གཅིག་ཁོ་ནར་འབྲས་བུ་བཏགས་ཤིང་། མིག་སྔར་མུའུ་རེའི་ཐོན་འབབ་རྒྱ་མ་5000ཙམ་ཟིན་པ་དང་། ཐོན་འབབ་ལེགས་པའི་དུས་སུ་རྒྱ་མ་7000ནས་8000བར་ཟིན་གྱི་ཡོད། ད་ཆ་རྟེན་གཞིའི་ལྟེ་བའི་འདེབས་ཁྱོན་མུའུ་1500བར་ཆེ་རུ་ཕྱིན་ཡོད།
ཕྱིར་བཏོན་ནས་སྤུས་རྟགས་བཏོད་པས།
ཀུ་ཤུ་འདང་ཙམ་ནས་ཕྱིར་འཚོང་བའི་བར་གྱི་འགྱུར་ལྡོག
2024ལོའི་ཟླ་4ཚེས་10ཉིན་ནི་བོད་ཀྱི་ཞིང་ལས་ལོ་རྒྱུས་ནང་འགོད་རིན་ཡོད་པའི་ཉིན་མོ་ཞིག་ཡིན་པ་སྟེ། བྲག་ཡིབ་ཀྱི་ཀུ་ཤུ་ཏུན་23.8བླུགས་པའི་ཟོག་འདྲེན་རླངས་འཁོར་ཉིང་ཁྲིའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་ཐོན་ཏེ། སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་ཚོང་བྱེད་པར་དབོར་བ་ལས་བོད་ཀྱི་ཤིང་འབྲས་ཕྱིར་གཏོང་ཐེངས་དང་པོ་ཐུབ་ཡོད།
རང་ཡུལ་ནས་གཞན་ཡུལ་དུ་འཚོང་ཐུབ་པ་ནི་སྤུས་ཚད་ལ་རགས་ལུས་ཡོད། བྲག་ཡིབ་ཀྱི་ཀུ་ཤུར་མངར་ཆ་འདུས་ཚད་18%ཡན་ཟིན་ཞིང་། ཟ་སྐབས་མཉེན་ལ་ཁུ་བ་མང་བའི་ཁར་བྲོ་བ་ཞིམ་པས་སྔ་རྗེས་སུ་ལྷད་མེད་བཟའ་བཅའི་ཁས་ལེན་ཐོབ་ཡོད། 2025ལོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དང་པོའི་བཅོ་ལྔའི་དགོང་ཚོགས་ལ་བྲག་ཡིབ་ཀྱི་ཀུ་ཤུ་དེ་ཉིང་ཁྲིའི་ཁྱད་ལྡན་རྩ་ཆེའི་ཀུ་ཤུ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་སུ་བསྟན་པས་སླར་ཡང་སྐད་གྲགས་ཆོད་ཡོད།
དྲ་ཐོག་ནས་ཀྱང་བྲིན་ཁ་རྒྱུག་པོ་ཡོད་ཅིང་། བྲག་ཡིབ་ཆུས་ཀྱིས་ཁྱུག་དབྱིངས་སོགས་ལས་སྟེགས་གང་ལེགས་སྤྱད་དེ་བརྙན་ཐུང་ནས་ཀུ་ཤུ་འདེབས་པ་དང་འཐོག་པའི་བརྒྱུད་རིམ་ཧྲིལ་པོ་སྟོན་པ་དང་། དྲ་ཐོག་ཐད་གཏོང་ནས་ཀུ་ཤུའི་སྤུས་ཀ་ཡག་ཉེས་བསྟན་པར་དགའ་པོ་བྱེད་མཁན་མང་པོ་བྱུང་ཡོད། ཁྱུག་དབྱིངས་ལས་སྟེགས་ཁོ་ན་ནས་ལོར་ཕྱིར་ཚོང་བྱེད་ཚད་རྒྱ་མ་ཁྲི་20དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་200ཟིན་ནས་ཁྱུག་དབྱིངས་སུ་ཀུ་ཤུའི་རིགས་མང་པོའི་ཁྲོད་ནས་བྲིན་ཁ་རྒྱུག་ཤོས་གྲས་སུ་སླེབས་ཡོད།
2025ལོར་བྲག་ཡིབ་ཆུས་ཀྱི་ཀུ་ཤུའི་སྤྱིའི་ཐོན་འབབ་རྒྱ་མ་ཁྲི་1244.15དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་6220.77ཟིན་ཡོད། ཉིང་ཁྲིའི་ཀུ་ཤུས་རྒྱལ་ནང་གི་ཁྲོམ་ར་བརྟན་པོ་བཟུང་བ་མ་ཟད། ད་དུང་ནེ་པ་ལ་དང་། ཐེ་ལན། མ་ལེ་ཞི་ཡ་སོགས་རྒྱལ་སྤྱིའི་ཁྲོམ་རའང་བཏོད་ཡོད།
ཁེ་ཕན་གཉེར་ནས་ཡུལ་མིར་ཕན་པ་བཏཌ་པས།
མང་ཚོགས་ཀྱིས་བལྟ་བ་ནས་དངོས་སུ་འདེབས་པའི་བར་གྱི་འགྱུར་ལྡོག
ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་གང་འདྲ་ཡོད་མེད་མཐར་གཏུགས་ནས་བརྗོད་ན་མང་ཚོགས་ལ་འབབ་འཕར་བྱུང་མིན་ལ་ལྟ་དགོས། འཛིན་པ་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་ཡུལ་མི་གཡང་སྐྱིད་ཀྱིས་བྱང་ཆ་དོད་པོས་ཀུ་ཤུའི་སྡོང་པོར་ཡལ་བཞུར་རྒྱག་བཞིན་ཡོད་ཅིང་། ཁོང་གིས“འདིར་ལས་ཀ་བྱས་ན་ཧ་ཅང་ཡག་པོ་འདུག ཁྱིམ་དང་ཐག་ཉེ་བའི་ཁར་ལག་ཤེས་སྦྱངས་ནས་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག”ཅེས་བཤད། གསོ་སྦྱོང་བྱས་པ་བརྒྱུད། གཡང་སྐྱིད་འདེབས་འཛུགས་མཁས་ཅན་ཞིག་ཏུ་གྱུར་ནས་ཡལ་བཞུར་རྒྱག་སྟངས་སོགས་ལ་ཧ་ཅང་བྱང་ཆུབ་པོ་ཆགས་ཡོད། མིག་སྔར། ཁོང་དང་འདྲ་བའི་རྟེན་གཞིར་ཡུན་རིང་ལས་ཀ་བྱེད་མཁན་ཡུལ་མི་14ཡོད་པ་དང་ཟླ་རེར་གླ་ཆ་སྒོར་6000ཙམ་ཡོད། ལོ་ལྟར་ཐོན་འབབ་བསྡུ་བའི་སྐབས་ཉེ་འཁོར་གྲོང་ཚོའི་ཡུལ་མི་མི་ཐེངས་ཆིག་སྟོང་ལྷག་ཙམ་གླས་པ་དེར་རིམ་རྩིས་བརྒྱབ་ན་མི་ཐེངས་25000ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ཡོད།
2025ལོར་རྟེན་གཞིས་ཞིང་འབྲོག་པར་ངལ་ནུས་གླ་ཆ་སྒོར་ཁྲི་60ལྷག་ཙམ་སྤྲད་པ་དང་། ས་ཞིང་ནང་བཤུག་བཏང་བའི་བོགས་དངུལ་སྒོར་ཁྲི་100ལྷག་ཙམ་གྲོང་ཚོའི་མཉམ་སྡེབ་རྩིས་ཁྲའི་ནང་བཅུག་ཡོད། ཡོང་འབབ་དེ་དག་ཡོད་པས་མང་ཚོགས་ལ་བགོ་འགྲེམས་རྒྱག་རྒྱུ་ཡོད་ལ། མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་གཞན་དག་འཕེལ་རྒྱས་གཏོང་བར་ཡང་མཐུན་རྐྱེན་བསྐྲུན་ཡོད།
མིག་སྔར། བྲག་ཡིབ་ཀྱི་ཀུ་ཤུས་ཉེ་འཁོར་གྱི་ཤིང་འབྲས་འདེབས་མཁན་ཞིང་དུད་500ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་8000ཡན་བྱུང་ཡོད།
ཀུ་ཤུ་འདེབས་འཛུགས་ལས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། མི་སེར་ལ་འབབ་འཕར་བྱུང་བ་བཅས་དབར་སྦྲེལ་ཐག་ཅིག་བཏོད་ནས། གངས་ལྗོངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པ་མ་ཟད། གྲོང་གསེབ་ཀྱི་དཔལ་འབྱོར་ཡང་འཕེལ་རྒྱས་བཏང་ཡོད། རེ་བ་དང་དྲོ་སྐྱིད་ཀྱིས་ཁེངས་པའི་གངས་ལྗོངས་ཀྱི་ཀུ་ཤུའི་ཐོན་ལས་དེས་ས་མཐོའི་ཉི་འོད་དང་འདྲ་བར་ཁྱིམ་ཚང་ཁྲི་སྟོང་མང་པོའི་མི་སེར་ཚོར་གང་ཅིའི་ཐད་ནས་དྲོ་སྐྱིད་སྦྱིན་ཡོད།
འབྲེལ་ཡོད་གསར་འགྱུར།