དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཐའ་བརྟན་དམངས་ཕྱུག་འཆར་གཞི་གསར་པ་བཀོད། གནས་འཕྲོད་ལས་འཚམ་མཐའ་མཚམས་ཡུལ་ལུང་སྐྱིད།

    ——ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བའི་ལོ་བཅུའི་རིང་མཚོ་སྣ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    འདི་ནི་སྐྱིད་པ་མོན་པ་མི་རིགས་ཤང་སྐྱིད་པ་གྲོང་ཚོའི་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པ་ཡིན་པ།

    འདི་ནི་མཁར་ལྟག་ཤང་མཁར་ལྟག་གྲོང་ཚོའི་བུད་མེད་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་བསླས་འཐག་ལག་རྩལ་སྦྱོང་བཞིན་པ།

    འདི་ནི་མཚོ་སྣ་གྲོང་ཁྱེར་དགུང་སྔོན་གྱོན་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ཡུལ་མིས་གྱོན་གོས་འཚེམ་བཞིན་པ།

    འདི་ནི་སླད་མོན་པ་མི་རིགས་ཤང་གི་མོན་པ་རིགས་ཀྱི་གཞོན་ནུ་མས་ཇ་ལོ་འཐུ་བཞིན་པ།

    འདི་ནི་མཚོ་སྣ་གྲོང་རྡལ་མཚོ་སྣ་སྡེ་ཁུལ་གྱི་སྔོ་ཐིང་ངེར་གནས་པའི་དབྱར་དུས་འབྲོག་ར་ཡིན་པ།

    (པར་ངོས་འདིའི་པར་རིས་ཚང་མ་མཚོ་སྣ་གྲོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)

    ལྷོ་ཁའི་ལོ་ངོ་བཅུ། ཡར་ཀླུང་དུ་ལེའུ་གསར་བརྩམས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་བཅུའི་རིང་། མཚོ་སྣ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་། རྫོང་ནས་གྲོང་ཁྱེར་ལ་སྒྱུར་བ། མཐའ་དར་དམངས་ཕྱུག་སོགས་ཀྱི་འགག་རྩའི་མཆོང་སྐྱོད་བྱུང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ད་ཆ་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་དཔེ་སྟོན་གྲོང་ཁྱེར་ཞིག་ཡིན་པའི་ས་མཐོའི་མཐའ་མཚམས་གྲོང་ཁྱེར་ཆུང་ཆུང་མཚོ་སྣས་རྣམ་པ་གསར་རྐྱང་གི་ཐོག་ནས་བོད་ཤར་ལྷོའི་མཐའ་མཚམས་སུ་འགྱིང་ངེར་གནས་ཡོད།

    མཐའ་སྲུང་དང་དབུལ་སྒྲོལ།

    མཐའ་མཚམས་ཀྱི་དབུལ་སྒྲོལ་རྒྱུགས་ལན།

    2017ལོར། མཚོ་སྣ་རྫོང་ཡོངས་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་ནག་གི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། ད་ཆ། མཚོ་སྣ་རུ་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུར་ཟའི་གྲུབ་འབྲས་དང་མཐའ་སྟོབས་མཐའ་བརྟན་གྱི་འགན་འཁྲི་མཉམ་འདྲེས་གཏིང་ཟབ་དང་གཅིག་རམ་གཅིག་འདེགས་ཐུབ་སྟེ། ལོ་འཁོར་མོར་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་པའི་ས་གཞི་འདིར་ཡུན་རིང་འཕེལ་རྒྱས་དང་བརྟན་ལྷིང་འཆམ་མཐུན་གྱི་སྐྱེ་སྟོབས་རྒྱས་ཡོད།

    “ལྷོ་ཁའི་ལེ་དབར་བཅུའི་མཛེས་རིས་བར་ཁྱམས”ཞེས་འབོད་པའི་སླད་མོན་པ་མི་རིགས་ཤང་ནི་ལྷ་ས་དང་ཅུང་ཉེ་བའི་མཐའ་མཚམས་ཤང་ཤིག་ཡིན་པ་དང་། རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”སྐལ་བཟང་བསྟན་འཛིན་གྱི་ཕ་ཚེ་རིང་བསྟན་འཛིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་སླད་མོན་པ་མི་རིགས་ཤང་གི་མཐའ་སྲུང་བ་མི་རབས་དང་པོ་རེད།

    “མེས་རྒྱལ་གྱི་ས་ཆ་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པ་ནི་སྐལ་བཟང་བསྟན་འཛིན་གྱི་པ་ཕས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ལོ་བཅོ་བརྒྱད་ལ་སླེབས་སྐབས་ཁོང་གིས་ཕ་མེས་ཀྱི་མཐའ་སྲུང་བྱ་གཞག་གི་རྒྱུན་བསྐྱངས་པ་དང་། ཁོང་ལ་མཚོན་ན་རྒྱལ་མཚམས་ནི་ས་ཁྲའི་སྟེང་གི་ཀྱག་ཀྱོག་གི་མཚམས་ཐིག་ཙམ་མིན་པར་རྒྱུན་གཏན་འཚོ་བའི་གྲུབ་ཆ་ཞིག་ཡིན་ཞིང་། སྐོར་གཡེང་ལམ་བུར་རྟག་ཏུ་གངས་རི་དང་། འཁྱགས་ཀླུང་། འདམ་རྫབ་ལ་སོགས་མང་པོ་བརྒལ་དགོས་ཀྱི་ཡོད།

    མཐའ་སྲུང་བས་རྒྱལ་ཁབ་ཀྱི་ས་ཆ་ལེགས་པར་བསྲུངས་ལ། དབུལ་སྒྲོལ་འགག་སྒྲོལ་ལས་མཐའ་མཚམས་མང་ཚོགས་རྣམས་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད། སླད་མོན་པ་མི་རིགས་ཤང་གི་རྒན་མོ་བདེ་མོ་ནི་དེ་སྔ་གྲོང་ཚོའི་ནང་གི་འཚོ་བའི་འཁོས་ཀ་ཞན་ཤོས་རེད། སླད་མོན་པ་མི་རིགས་ཤང་དུ་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས། ཁོ་མོས་ཇ་ཞིང་བོགས་མར་བཏང་བ་དང་མཉམ་ལས་ཁང་དུ་ལས་ཀར་བསྐྱོད་པས་དབུལ་སྒྲོལ་ཐུབ་སྟེ་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། མཐའ་སྲུང་ལས་འགན་དང་དམངས་ཕྱུག་འཕེལ་རྒྱས་ཀྱི་ལས་དོན་མཉམ་དུ་བསྒྲུབས་ཤིང་། རྒན་མོ་བདེ་མོའི་འཚོ་བའི་འཕོ་འགྱུར་ལས་ཁྱད་ལྡན་ཐོན་ལས་ཀྱི་ཐ་སྐྱོང་རོགས་སྐྱོར་བྱེད་པའི་ཕན་ནུས་ཆེན་པོར་ར་སྤྲོད་གང་ལེགས་ཐུབ་པ་མ་ཟད། ལོ་འཁོར་མོར་མཐའ་མཚམས་སྲུང་མཁན་མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་སྤོགས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    དྲོ་སྐྱིད་དང་རྒྱུན་འཛིན།

    དམངས་འཚོའི་བྱ་བ་དངོས་ཁྲོད་ཀྱི་བཅོས་སྐྱོང་གི་དྲོ་སྐྱིད།

    དབུལ་སྒྲོལ་ནི་གོམ་སྟབས་དང་པོ་རེད། 2018ལོ་ནས་2022ལོའི་བར་ནི་མཚོ་སྣས་དམངས་འཚོའི་སྤུས་རིམ་མཐོར་གཏོང་གི་འགག་རྩའི་དུས་མཚམས་ཡིན། མཚོ་སྣས་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་གནས་དཀའ་བའི་གནད་དོན་ལ་དམིགས་ནས་དྲོད་རླངས་དང་གསོ་རླུང་མཁོ་འདོན་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཕེལ་རྒྱས། གློག་དྲ་རིམ་སྤོར། འཕྲིན་གཏོང་དྲ་རྒྱ་ཡོངས་ཁྱབ་སོགས་དམངས་ཕན་རྣམ་གྲངས་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ལ། གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་བརྟན་པོ། བརྡ་རྟགས་ཡོངས་སུ་ཁྱབ་པ། གྲོང་ཚོའི་སྡོད་མལ་ཆ་རྐྱེན་ཇེ་ལེགས་བཅས་བྱུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་ཡོད།

    “མཐོ་གྲང”ནི་ཡར་སྔོན་ནས་མཚོ་སྣའི་མིང་བྱང་ལྟ་བུ་རེད། ཆ་སྙོམས་ས་བབ་སྨི་4400ཟིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་0.6ཟིན་ལ། གྲང་ཤོས་ཀྱི་དུས་སུ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་37ཟིན་གྱི་ཡོད། དུས་ཡུན་རིང་པོར་དགུན་དུས་སུ་གྲང་ངར་ཆེ་བ་ནི་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེན་པོ་ཞིག་རེད།

    2016ལོར་མཚོ་སྣས་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་སྤྱད་དེ་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་རེད། དེར་བསྟུན་ནས་སློབ་གྲྭ་ཁག་ལ་དྲོད་རླངས་མཁོ་འདོན་བྱེད་འགོ་བཙུགས་ཤིང་། ཆུ་དྲོ་མོ་ཤང་དང་མཁར་ལྟག་ཤང་སོགས་ཀྱི་ཆ་ཚང་སློབ་ཆུང་དང་བུ་བཅོལ་ཁང་ཚང་མར་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་ཏེ། ཕྲུ་གུ་ཚོ་སློབ་ཁང་ནང་གྱོན་གོས་མཐུག་པོ་གྱོན་དགོས་མེད་ལ། ལག་པ་ཆུང་ངུར་འཁྱགས་སྦོས་མི་ཐེབས་པ་མ་ཟད། སློབ་ཁྲིད་ཁོར་ཡུག་ཀྱང་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།

    དམངས་འཚོ་ལེགས་སུ་ཕྱིན་ལ་རིག་གནས་ཀྱི་རྩ་བ་ཡང་དེ་བས་ཟབ་ཏུ་སོང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ས་དམར་ཆང་གཞས་ཀྱི་རྒྱུན་འཛིན་པ་ཚེ་རིང་ཆོས་འཛོམས་ཀྱིས་ལོ་བཅུ་གྲངས་ནས་ས་དམར་ཆང་གཞས་སྦྱངས་ཤིང་། ད་ཆ་ས་དམར་ཆང་གཞས་བཏང་ནས་ལོ་ལྔ་བཅུ་ཙམ་སོང་བ་དང་། ཆང་གཞས་ཀྱང་མི་འདྲ་བ་30ལྷག་ཙམ་གཏོང་ཤེས། ལོ་ལྟར་གྱི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་སྔར་བཞིན་ཚེ་རིང་ཆོས་འཛོམས་ཀྱི་ཆང་གཞས་སྙན་མོ་ཉན་ཐུབ་པ་མ་ཟད། ད་དུང་ཁོམ་པ་བྱུང་རིམ་བཞིན་ཁོང་གིས་ཁྱིམ་མཚེས་དང་གྲོགས་པོ་གྲོགས་མོར་ས་དམར་ཆང་གཞས་སློབ་ཀྱི་ཡོད།

    བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པའི་འཚོ་བ་ནི་མཐའ་དར་དམངས་ཕྱུག་ལ་མེད་དུ་མི་རུང་བའི་ནང་གནས་ཀྱི་འདེགས་སྐྱོར་ཞིག་རེད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་མི་ཚེ་ཕྱེད་ཀར་བརྟན་སྲུང་བྱས་ཏེ། རང་མི་རིགས་ཀྱི་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་མཐའ་མཚམས་འཕེལ་རྒྱས་གཏོང་ཆེད་རིག་གནས་ཀྱི་གསོན་ཤུགས་ཆེན་པོ་བསྣན་ཡོད།

    གྲོང་ཁྱེར་གསར་པ་དང་ལས་རིགས་གསར་པ།

    མཐའ་མཚམས་རྒྱུད་ཀྱི་དར་རྒྱས་མཛེས་རིས།

    2023ལོར་མཚོ་སྣ་རྫོང་གྲོང་ཁྱེར་ལ་སྒྱུར་བའི་ཆོག་མཆན་ཐོབ་པས། བོད་ནས་གསར་དུ་བཙུགས་པའི་མཐའ་མཚམས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་གྲས་ཤིག་ཏུ་གྱུར་ཞིང་། སྲིད་འཛིན་ནུས་པའི་རིམ་པ་མཐོ་རུ་ཕྱིན་པ་ལས་ས་གཞི་དེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན།

    སྐལ་བཟང་བསྟན་འཛིན་གྱིས་སྔར་བཞིན་མཐའ་མཚམས་སྲུང་བཞིན་ཡོད་ལ། ད་ཆ་ཁོང་ནི་སླད་མོན་པ་མི་རིགས་ཤང་གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉེར་མཁན་གཙོ་བོ་རེད། ཁོང་གིས་མཐའ་མཚམས་སྐོར་ཞིབ་དང་ཐོན་ལས་ཟུང་འབྲེལ་གྱི་ཐབས་ལམ་གསར་གཏོད་བྱས་ཤིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཇ་ལོའི་ཐོན་ལས་འཕེལ་རྒྱས་བཏང་བས་ས་ཁོངས་སྲུང་བའི་འགན་འཁྲི་ཁུར་ཐུབ་ཡོད་ལ། འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད།

    པད་མ་སྒྲོལ་མའི་ཁྱིམ་ནི་མག་མག་མོན་པ་གྲོང་གསར་དུ་གནས་པ་དང་། དེ་སྔ་ལེགས་པོ་རོང་དུ་སྐྱོད་སྐབས་འགྲིམ་འགྲུལ་སྟབས་བདེ་མེད་ལ། ཁྱིམ་དུ་ས་ཞིང་ཡང་མང་པོ་མེད་པས་ཡོང་འབབ་མང་པོ་མེད། ད་ཆ་ཁོང་ཁྱིམ་གྱིས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱས་པ་དང་། ན་ནིང་གཅིག་པུར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད། “ལེགས་པོ་རོང་ནི་སྟག་མའི་མེ་ཏོག་རབ་ཏུ་བཞད་པ་དང་འདྲ་བར་ཉིན་རེ་བཞིན་མཛེས་སུ་འགྲོ་བཞིན་འདུག”ཅེས་མང་ཚོགས་ཚོས་སེམས་གཏིང་གི་ཚོར་བ་ལྷུག་པོར་བཤད་ལ། དེ་ཡང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག ཐོན་ལས་ཕྱོགས་ཡོངས་ནས་རིམ་སྤོར་བཅས་བྱས་པའི་མཚོན་ཚུལ་དངོས་ཡིན་ཞིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་ཡང་གྲོང་གསེབ་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད་ནས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

    ལོ་བཅུ་ཡི་རྗེས་སུ། རི་བོ་ཧི་མ་ལ་ཡའི་རི་གསེབ་ཀྱི་དེ་སྔའི་འདམ་རྫབ་ལམ་བུ་དེ་ད་ཆ་ཨར་འདམ་ལམ་དུ་གྱུར་ཞིང་། ས་རྡོའི་ཁང་པ་དག་བོད་བཟོའི་ཐོག་ཁང་དུ་གྱུར་ལ། བུད་ཤིང་ལ་བརྟེན་ནས་དྲོད་ལེན་ཐབས་བྱེད་པ་ཡང་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་དུ་གྱུར་པ་དང་། ཕྱུགས་རིགས་འཚོ་སྐྱོང་ཁོ་ན་བྱེད་པ་ནས་ཐོན་ལས་སྣ་མང་ལ་གྱུར་ཏེ། མཐའ་མཚམས་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས། བཙུགས་ནས་ཡུན་རིང་མ་སོང་བའི་མཐའ་མཚམས་གྲོང་ཁྱེར་ཆུང་ཆུང་དེས་མཐུན་སྒྲིལ་དང་། དུས་བདེ། དར་རྒྱས། བདེ་སྐྱིད། མཛེས་སྡུག་བཅས་ཀྱི་ཕྱོགས་སུ་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།