དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ་ལོ་སྨད་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད》དང《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

    ཐེངས་འདིའི་ཚོགས་འདུས“ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ”བཅུ་ལ་བརྟེན་ནས་རྩ་འཛིན་གནད་བསྡུས་དང་། བོད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་བརྗིད་ཆེའི་ལག་ལེན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། སྤྱི་ཁོག་བཀོད་སྒྲིག་དང་ཞིབ་ཕྲའི་ལས་དོན་སྦྲེལ་མཐུད་དམ་ཟབ་བཅས་བྱས་ནས། དུས་བབ་གསར་པའི་འོག རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གནད་དོན་ལ་ལན་ཁ་གསལ་བརྒྱབ་ཡོད། དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པའི་ཚད་མཐོའི་རང་རྟོགས་གང་ལེགས་མཚོན་ཡོད་ལ། འཆར་གཞི་གཅིག་མཐའ་གཅིག་ཏུ་འགོད་པ་དང་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་འགན་འཁྲི་འཁུར་སེམས་ཀྱང་མཚོན་ཡོད་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དམིགས་ཚད་གཏན་འཁེལ་དང་རྒྱུན་མཐུད་འབད་འཐབ་བྱེད་པར་སྔར་བས་སྐུལ་སློང་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ། དམངས་འཚོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

    ལོ་དཀྱིལ་ནས་ལོ་ཧྲིལ་པོར་བལྟས་ན། ད་ལོའི་ལོ་སྨད་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུ་ནི། “ལོ་ལྔ་ཚན་བཅོ་ལྔ་པ”བདེ་བླག་ངང་འགོ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡོད། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་མཐའ་འཁྱོངས་བྱས་ནས་མིག་སྔའི་ལས་དོན་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་དུས་བབ་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་གཏིང་ཟབ་ཀྱིས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་ཡང་དག་པའི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཐོག གཏན་འཁེལ་གྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་ངར་ཤུགས་རྒྱུན་འཁྱོངས་ཀྱིས་བབ་བསྟུན་མདུན་སྐྱོད་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གསར་གཏོད་བྱས་ཏེ། རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་རྨང་གཞི་ཡག་པོ་འདིང་དགོས།

    མིག་སྔའི་ལས་འགན་གཙོ་བོ་ནི། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་འཆར་འགོད་དེ་དོན་དངོས་ལ་བསྒྱུར་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིགས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ལ་བརྟེན་ནས་མིག་སྔ་དང་སླད་ཕྱིན། ཆ་ཤས་དང་ཁྱོན་ཡོངས། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་སྤྱི་འདོམས་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་དེ་བཞིན་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་། རྟག་ཏུ་སྒྲུབ་ཐུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་ཧུར་ཐག་གཏོང་དགོས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་བསྐྲུན་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ། དུས་རབས་གསར་པའི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་སྲུང་འཛུགས་སྐྲུན་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། མི་འབོར་དང་དཔལ་འབྱོར་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས།

    བོད་ཀྱི་ལས་དོན་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། འབད་འབུངས་མདུན་སྐྱོད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་རྣམས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།