ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོ་གཏིང་ཟབ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཉེ་ཆར། སློབ་གསོ་པུས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཚན་རིག་སློབ་གསོའི“ལག་པ་འགུལ་གྱིན་སྦྱོང་བའི”སྣེ་ཁྲིད་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སློབ་གསོའི་ལས་དོན་པ་མཉམ་དུ་འཛོམས་ནས་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ལས་དོན་སྐོར་ཐུན་མོང་ཐོག་གླེང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཚན་རིག་སློབ་གསོའི“ལག་པ་འགུལ་གྱིན་སྦྱོང་བའི”སྣེ་ཁྲིད་བྱ་སྤྱོད་ད་ལོའི་སྟོན་ཁའི་སློབ་དུས་སུ་སྤེལ་འགོ་བཙུགས་ནས། སློབ་མའི་དགའ་ཕྱོགས་ནས་འགོ་བརྩམས་ཏེ་གནད་དོན་འདོན་པ་དང་། འཚོལ་ཞིབ་ར་སྤྲོད། བསམ་གཞིག་སྤེལ་རེས་བཅས་བྱེད་པར་ཁྲིད་སྟོན་གྱིས་ཚན་རིག་གི་འདུ་ཤེས་ཆགས་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པ། ཚན་རིག་དང་མཐུན་པའི་བསམ་གཞིག་གི་བློ་སྒོ་འབྱེད་པ་བཅས་བྱས་ནས། སློབ་མའི་ཚན་རིག་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དུས་སྐབས་ཤིག་རིང་། ས་གནས་ཁག་གིས་ཚན་རིག་སློབ་གསོའི་བྱེད་ཐབས་གསར་པ་དང་འདུ་ཤེས་གསར་པ་རྒྱུན་མཐུད་འཚོལ་ཞིབ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
ཕྱོགས་གཅིག་ནས་ས་གནས་ཁག་གིས་ས་ཁོངས་ཀྱི་སློབ་ཚན་མ་ལག་དང་ཐོན་ཁུངས་ལེགས་སུ་གཏོང་བར་སྣང་ཆེན་བྱེད་པ་དང་ཚན་རིག་དང་མཐུན་པའི་སློབ་གསོ་གཏོང་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་མས་བེད་སྤྱོད་བྱ་ཆེད་སྦྱོང་བ་དང་། བསམ་བློ་གཏོང་ཆེད་སྦྱོང་བ། གསར་གཏོད་བྱ་ཆེད་སྦྱོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད།
དཔེར་ན། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་རྒྱལ་ཁབ་ཀྱི་སློབ་ཚན་ཚད་གཞི་དང་དཔེ་བསྡུར་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་ཚན་རིག་འཚོལ་ཞིབ་དང་ལག་ལེན་བྱེད་སྒོའི་དཀར་ཆག་བཏོན་ནས་ཚོད་ལྟའི་སློབ་ཁྲིད་ཀྱི་དུས་ཚོད་འགན་ལེན་གྱིས“ཚོད་ལྟ་སློབ་ཁྲིད་དང་ཚོད་ལྟ་ངག་སྐྱོར་གཏོང་རྒྱུ”གཏན་འགོག་བྱས་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱིས་ཐོན་ཁུངས་གཅིག་སྡུད་ལ་ཤུགས་སྣོན་བརྒྱབ་ནས་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་9དང་མཉམ་དུ“གཞོན་ནུ་ལོ་ཆུང་གི་བློ་རིག་གསར་གཏོད་ཀྱི་མཉམ་འབྲེལ་ཚོད་ལྟ་ཁང”བསྐྲུན་པ་རེད།
“ང་ཚོས་ད་དུང‘རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་སློབ་གྲྭར་སྐྱོད་པའི’རྣམ་གྲངས་ལག་ལེན་བསྟར་ཏེ། སློབ་མར་ས་གནས་ས་ཐོག་གི་ལག་ལེན་དངོས་ཀྱི་འགྲེམས་སྟོན་དང་ཚན་ཞིབ་མཛུབ་ཁྲིད་བྱས་ནས་ཚན་རིག་སློབ་གསོའི‘ལག་པ་འགུལ་གྱིན་སྦྱོང་བའི’དགེ་རྒན་གྱི་རྨང་གཞི་བརྟན་དུ་བཏང་ཡོད”ཅེས་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་ཆུས་ཨུད་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་པིང་ཧའོ་ཡིས་ངོ་སྤྲོད་བྱས་པ་རེད།
ཕྱོཌ་གཞན་ཞིག་ནས་ས་གནས་མི་ཉུང་བ་ཞིག་གིས་ཀྱང་ཕྱོཌ་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེ་ཀུན་ཕན་གྱི་ཚན་རིག་སློབ་གསོའི་སྐྱེ་ཁམས་མཉམ་དུ་བསྐྲུན་ཡོད།
ཧྲང་ཧའེ་ལ་ཆ་མཚོན་ན། ཚན་རིག་སློབ་གསོ་གཏིང་ཟབ་སྤེལ་ཆེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་སློབ་འབྲིང་སློབ་མར་ཕྱོགས་ནས“གཞོན་ནུ་ལོ་ཆུང་གི་ཚན་རིག་གསར་གཏོད་ལག་ལེན་ལས་དོན་ས་ཚིགས”བསྐྲུན་པ་དང་། གྲོང་ཁྱེར་ཡོངས་སུ“སྤྱི་ཁྱབ་ས་ཚིགས”2དང་། “ལས་དོན་ས་ཚིགས”40 “ལག་ལེན་ས་ཚིགས”160བཅས་བཙུགས་ནས་ཚན་རིག་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།
“ཧྲང་ཧའེ་སློབ་ཆེན་ནི‘ལས་དོན་ས་ཚིཌ’ཀྱི་མཚམས་ཚིགས་ཚན་པ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་རིག་ཚན་གྱི་ལེགས་ཆ་གང་ལེགས་བཏོན་ཡོད། ཧྲང་ཧའེ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཝང་ཚུང་ཁྲུན་གྱིས“ང་ཚོས་སློབ་མའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྨང་གཞིའི་རིག་ཚན་མཉམ་འདྲེས་དང་ཚན་རྩལ་གསར་ཤོས་འཚོལ་ཞིབ་སོགས་ལ་དམིགས་ནས་ཕྱོགས་བསྡུས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་ལག་ལེན་སློབ་ཚན་གསར་སྤེལ་བྱས་ཏེ་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་མཐོ་སློབ་ཀྱི་ཐོན་ཁུངས་སྣུར་སྲིང་མཉམ་སྤྱོད་བྱེད་པར་བརྒྱུད་རིམ་ལྡན་པའི་སྐུལ་འདེད་བཏང་ཡོད”ཅེས་བརྗོད།
གཞན་ཡང་། ས་གནས་ཁག་གིས་ད་དུང་ས་གནས་དེ་གའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རིག་སློབ་གསོ་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།
“གོམ་སྟབས་རྗེས་མར། ང་ཚོས་ས་གནས་དེ་གའི་ཐོན་ཁུངས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་ཏེ་རྣམ་པ་དངོས་ཀྱི་སློབ་ཁང་དེ་བས་མང་བ་བསྐྲུན་ནས་ཚན་རིག་སློབ་གསོ་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱེད་ཀྱི་ཡིན”ཞེས་ཨན་ཧུའེ་ཞིང་ཆེན་ཀུའེ་ཁྲེ་ཆུས་ཁྲེང་ཀོན་སློབ་ཆུང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལིའུ་ལིའུ་ཡན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།