“ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་ཏང་འཕེལ་རྒྱས་གཏོང་བའི་མིག་དཔེ་བཏོད་ཡོད”“ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་ཏང་འཕེལ་རྒྱས་གཏོང་བའི་མིག་དཔེ་བཏོད་ཡོད”
—— ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཨའོ་མར་ལ་བཅར་འདྲི་ཞུས་པ།

“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བཏོད་པ་དང་གྲུབ་འབྲས་ཀྱི་ཉམས་མྱོང་དེ་དག་ཁེན་ནི་ཡའི་སྲིད་ཏང་གིས་དཔྱད་གཞིར་འཛིན་རིན་ཡོད” ཁེན་ནི་ཡའི་སྲིད་སྐྱོང་ཏང་གི་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཨའོ་མར་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་སོགས་ལ་གྲུབ་འབྲས་ལྡན་པའི་ཉམས་མྱོང་ཐོབ་པ་ལས་མཉམ་འབྲེལ་དམངས་གཙོ་མནའ་མཐུན་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
འདི་ལོའི་ལོ་འགོར། ཨའོ་མར་གྱིས་ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་པ་རེད། རྟོག་ཞིབ་ཚོགས་པས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཅིང་ཧྲན་གྲོང་རྡལ་ཞའོ་ཀུའུ་ཁྲེང་གྲོང་ཚོ་དང་ལིན་ཕིང་ཆུས་ཐང་ཆི་གྲོང་རྡལ་ཐང་ཆི་གྲོང་ཚོ་སོགས་སུ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ལྟ་སྐོར་དང་གྲོང་མིའི་ཚོགས་ཆེན་ལ་ལྟ་སྦྱོང་བྱས་ཏེ་ས་གནས་དེས“ཁྲི་སྟོང་འདུ་འགོད”ཀྱི་སྣེ་ཁྲིད་འོག་གྲོང་ཚོའི་རྣམ་པ་ལེགས་སུ་དང་མཉམ་སྡེབ་ཡོང་འབབ་མང་དུ་བཏང་བར་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། “ཧང་ཀྲོའུ་ཡི་དམངས་གཉེར་ཚན་རྩལ་ཁེ་ལས་དྲུག་གི་འཚོ་བའི་འགྲེམས་སྟོན་ཁང”ལ་ལྟ་སྐོར་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཉེར་སྤྱོད་ལག་ལེན་ལ་ལྟ་ཞིབ་བྱས་པ། ཀྲེ་ཅང་ཞིང་ཨུད་ཏང་གི་སློབ་གྲྭས་ཁེན་ནི་ཡའི་སྲིད་སྐྱོང་ཏང་གི་མཐོ་རིམ་ལས་བྱེད་པར་དམིགས་ནས་བཟོས་པའི་སློབ་ཚན་ལ་ཞུགས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་བསམ་བློ་བརྒྱུད་རིམ་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་བྱས་ཤིང་། དེའི་ནང་ཀྲུང་གོའི་གཞི་རིམ་གྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་སྤེལ་རེས་བྱས་པ་དང་། དེའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་། ཐབས་ཇུས་ཀྱི་ལམ་སྲོལ། མང་ཚོགས་ཀྱི་རེ་འདུན་དང་ལེན་བྱེད་ནུས། དམངས་ཚོགས་ཞུགས་ཚུལ་བཅས་ལ་རྟོག་ཞིབ་བྱས་པ་བརྒྱུད། ཨའོ་མར་ལ“ཀྲུང་གོར་ཐུན་མོང་མ་ཡིན་པའི་བཅོས་སྐྱོང་མ་ལག་ལྡན་པའི”ཚོར་སྣང་ཟབ་མོ་བྱུང་ཡོད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས་ནས་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་འཕེལ་རྒྱས་ཀྱི་འཆར་འགོད་གཞི་རིམ་དུ་དོན་འཁྱོལ་དང་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བརྗོད།
“ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་མི་དམངས་ཀྱི་རེ་འདུན་དང་ལེན་ཧུར་ཐག་ཞུས་ཏེ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱས་པ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་ཡོད” ཨའོ་མར་གྱིས“ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་ཏང་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་བཏོད་ཡོད། སྲིད་ཏང་ཞིག་འཕེལ་རྒྱས་མྱུར་པོ་ཡོང་འདོད་ན་འདུན་པ་གསལ་པོ་དང་། སྟོབས་དང་ལྡན་པའི་འགོ་ཁྲིད་ཚན་ཁག ལག་བསྟར་ནུས་པ་ཆེ་བའི་གཞི་རིམ་རྩ་འཛུགས་བཅས་ཡོད་དགོས། མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལེགས་སྒྲུབ་བྱེད་བཞིན་ཡོད”ཅེས་བརྗོད།
འདི་ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། “ཧྥེ་ཀྲུང་དབར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་དར་རྒྱས་གཏོང་བ་རྨང་རྡོར་བྱས་ཡོད” ཨའོ་མར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་དང་། ཚོང་དོན། མི་སྣ་འགྲོ་འོང་བཅས་ལ་སྐུལ་འདེད་གཏོང་བ་དེས་ཐུན་མོང་དར་རྒྱས་ཡོང་བར་ཕན་ཐོགས་ཡོད། ཧྥེ་ཀྲུང་མཉམ་ལས་ཀྱིས་ཕན་ཚུན་སྦྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྣ་མང་གཉིས་ཕན་གྱི་ཚོང་དོན་འགྲོ་འོང་མངོན་འགྱུར་ཡོང་བར་གཞོལ་བཞིན་ཡོད། མོང་ནེ་ལྕགས་ལམ་ལ་དཔེ་བཞག་ན། དེས་ཁྲོམ་རའི་ཐོན་ཁུངས་བསྡུ་སྒྲིལ་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་པ་དེ་ནི་ཧྥེ་ཀྲུང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བའི་མཚོན་ཚུལ་ཞིག་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།