ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་བརྡ་གཏོང་ཚོགས་འདུ་འཚོགས་པ།
མཉམ་འབྲེལ་རྒྱལ་ཚོགས་ནས་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཟླ་7ཚེས་31ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་དང་། མི་རྩ་བར་འཛིན་པ་དང་ཡར་ཐོན་དགེ་བརྩོན་གྱི་འདུ་ཤེས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་རིག་ནུས་ཀྱི་ཧེ་བག་ཆུང་དུ་གཏོང་རོགས་བྱེད་པ། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་སོགས་ལ་དམིགས་ནས། ཀྲུང་གོའི་ཇུས་གཞི་བརྒྱུད་རིམ་ལྡན་ལ་ཕྱོགས་ཡོངས་ནས་བཏོན་ཏེ། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་སྤྱི་སྤྱོད་སྒོ་དབྱེ་དང་། མཉམ་ལས་གཉིས་ཁེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྟེགས་ཡངས་པོར་ཕྱོགས་ཁག་དང་མཉམ་དུ་མི་ཐབས་རིག་ནུས་ཀྱི་འབྱུང་འགྱུར་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་ཇུས་གཞི་འགོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་འཛིན་དང་གསར་དར་ལག་རྩལ་གྱི་དམིགས་བསལ་ཕོ་ཉ་ཅིའར་གྱིས། འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པས། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་དབར་སྦྲེལ་མཐུད་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད། མཉམ་འབྲེལ་རྒྱལ་ཚོགས་མི་ཐབས་རིག་ནུས་རང་ཚུགས་རྒྱལ་སྤྱིའི་ཚན་རིག་ཚོགས་ཆུང་གི་ཁོངས་མི་སུང་ཧའེ་ཐའོ་ཡིས་ཚོགས་འདུར་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།