ལྗང་མདོག་འགྲན་བསྡུར་ཚང་མའི་བློ་ལ་བབས། མཛེས་པའི་མཚོ་སྔོན་ཀུན་ལ་སྐད་གྲགས་ཆོད།
ཧྲེན་ཐེ་ཅུན་དང་མཚོ་སྔོན་སྐོར་བའི་འགྲན་བསྡུར་གྱི་ཉེ་བའི་ལོ་ཉི་ཤུ།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཐེ་ཅུན་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་ལས་དོན་ལ་ཐེངས་དང་པོར་ཞུགས་དུས་2005ལོ་ཡིན་པ་དང་། ལོ་དེའི་འགྲན་བསྡུར་ནི་སྐབས་བཞི་པ་ཡིན་ལ། ཁོང་ལས་སྒྱུར་བྱས་རྗེས་གྲ་སྒྲིག་ལས་དོན་ནང་ཞུགས་པའི་འགྲན་བསྡུར་གལ་ཆེན་དང་པོ་ཡང་ཡིན་པ་རེད། ལོ་འདི་དག་རིང་། ཁོང་གིས་འགྲན་བསྡུར་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཚོགས་ཆུང་དང་། དྲུང་ཡིག་ཚོགས་ཆུང་། འགྲན་བསྡུར་ཚོགས་ཆུང་སོགས་ཀྱི་ལས་གནས་མི་འདྲ་བའི་ཐོག་སྦྱོང་བརྡར་བྱས་ཤིང་། མཚོ་སྔོན་སྐོར་བའི་འགྲན་བསྡུར་དང་མཉམ་དུ་འཚར་ལོངས་བྱུང་སྟེ། འགྲན་ཞུགས་པ་མང་པོས་ཨང་དང་པོ་ཐེངས་མང་བླངས་པར་དཔང་པོ་བྱས་པ་དང་ཆབས་ཅིག མཚོ་སྔོན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ལེགས་སུ་ཕྱིན་པ་ཡང་མིག་མཐོང་ལག་ཟིན་བྱུང་ཡོད།
“ལོ་ལྟར་ང་ཚོའི་ལས་ཀ་གཙོ་བོ་ནི་མཚོ་སྔོན་སྐོར་བའི་འགྲན་བསྡུར་གཉེར་རྒྱུ་དེ་ཡིན། འགྲན་བསྡུར་ཉིན་10ཡས་མས་ལས་མེད་ཀྱང་། འགྲན་བསྡུར་གོང་གི་གྲ་སྒྲིག་ལས་དོན་དང་འགྲན་བསྡུར་རྗེས་ཀྱི་ལས་དོན་སོགས་བརྩིས་ན་ཧ་ལམ་ལོ་ཕྱེད་ལྷག་འགོར་གྱི་འདུག འགྲན་བསྡུར་ས་ཚིགས་གསར་པ་གཅིག་གཏན་འཁེལ་བྱེད་པར་ཡང་ཉུང་མཐར་ཐེངས་བཅུ་གྲངས་ཕྱིན་ན་ད་གཟོད་ལམ་གྱི་གནས་ཚུལ་སོགས་གསལ་པོར་ཤེས་ཐུབ”ཅེས་ཧྲེན་ཐེ་ཅུན་གྱིས་བཤད།
2002ལོའི་འགྲན་བསྡུར་སྐབས་དང་པོ་ནས་བཟུང་། “ལྗང་མདོག་དང་། མི་ཆོས་རིག་གནས། ཞི་མཐུན། མྱོང་རོལ”བཅས་ཀྱི་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་ད་བར་རྒྱུན་འཁྱོངས་བྱས་ཡོད། “ལོ་ལྟར་འགྲན་བསྡུར་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱེད་སྐབས། གྲོན་ཆུང་བསྲི་ཚགས་ངང་འགྲན་བསྡུར་གཉེར་རྒྱུ་ནི་གཞི་རྩའི་རྩ་དོན་དུ་འཛིན་གྱི་ཡོད”“དཔེར་ན་2015ལོ་ནས་བཟུང་། བརྡ་ཁྱབ་སྒྲོམ་སྟེགས་ལ་བསྐྱར་སྤྱོད་ཆོག་པའི་ལྕགས་སྒྲོམ་སྤྱད་པས་ལོ་ལྟར་སྒྲོམ་སྟེགས་སྟེང་གི་རི་མོ་གསར་པ་བརྗེ་པོ་བརྒྱབ་ན་འགྲིག་གི་ཡོད”ཅེས་ཧྲེན་ཐེ་ཅུན་གྱིས་བཤད། 2020ལོར་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བྱས་རྗེས་ཧྲེན་ཐེ་ཅུན་གྱིས་འགྲན་བསྡུར་འགན་སྲུང་ཚོགས་པའི་མི་གྲངས་2000ཙམ་ནས་1000བར་ཉུང་དུ་བཏང་བ་མ་ཟད། ད་དུང་ཚོགས་ཆུང་ཁག་ཁུ་བསྡུ་ཡང་བྱས་ཡོད། “ཕྱི་དོན་ཚོགས་ཆུང་དང་ལོ་ཙཱ་ཚོགས་ཆུང་གི་ལས་ཀ་ཁ་ཤས་གཅིག་པ་ཡིན་པས་ཟླ་སྒྲིལ་བཏང་རྗེས་ལས་ཀ་བྱེད་བདེ་རུ་ཕྱིན་པ་མ་ཟད། འགྲོ་སོང་ཡང་ཉུང་དུ་ཕྱིན་ཡོད” ད་ལོར། མཚོ་སྔོན་སྐོར་བའི་འགྲན་བསྡུར་ལ“རང་མིང་འགོད་ལམ”གྱི་སྒྱུར་བཅོས་བྱས་པས། “ལུས་རྩལ་པ་དང་ཤན་འབྱེད་པ་དང་ཡང་ན་འགན་སྲུང་ཚོགས་ཆུང་གི་ལས་དོན་མི་སྣ་སོགས་སུ་ཡིན་རུང་། ཚང་མ་གྲངས་གཞི་ཆེ་མོས་དབྱེ་འབྱེད་ངོས་འཛིན་བྱེད་ཀྱི་ཡོད་པས་ལག་ཁྱེར་བཟོ་བའི་མ་གནས་གྲོན་ཆུང་ཐུབ་པ་མ་ཟད། ‘ལག་ཁྱེར་སྟོན་ཙམ་བྱས་ན་བཟའ་སྡོད་ཆོག་པའི’གནད་དོན་གཏན་འགོག་ཐུབ་ནས། འགྲན་བསྡུར་སྒྲུབ་གཉེར་དེ་བས་ནུས་ཆེ་དང་བསྲི་ཚགས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་ཧྲེན་ཐེ་ཅུན་གྱིས་བཤད།
ད་བར་མཚོ་སྔོན་སྐོར་བའི་འགྲན་བསྡུར་སྐབས་25གཉེར་ནས་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་དང་འགྲན་བསྡུར་རིམ་པ་མཐོ་ཤོས་ཀྱི་ས་བབ་མཐོ་བའི་རྐང་འཁོར་འགྲན་བསྡུར་ཞིག་ཏུ་གྱུར་ཡོད། “དང་ཐོག་ལོ་ཁ་ཤས་རིང་མཚོ་སྔོན་པོ་བསྐོར་ནས་འགྲན་བསྡུར་བྱས་པ་རེད། 2019ལོ་ནས་བཟུང་ལམ་ཐིག་དང་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ཡིན། ཉེ་བའི་ལོ་ཁ་ཤས་རིང་། རིམ་སྤོར་བྱས་རྗེས་ཀྱི་འགྲན་བསྡུར་ལམ་དུམ་8ལས་མི་རྣམས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མཐོང་ཐུབ”ཅེས་ཧྲེན་ཐེ་ཅུན་གྱིས་བཤད།
སྐྱེ་ཁམས་ཀྱི་འགྱུར་ལྡོག་ཧ་ཅང་མངོན་གསལ་དོད་པོ་ཡོད། “ལོ་20ལྷག་གི་གོང་། ཟི་ལིང་གི་ལྷོ་རི་དང་བྱང་རི་སོགས་སུ་ལྗོན་ཤིང་ཉུང་བས་རི་རྒྱུད་ཧྲིལ་པོ་སྐྱ་ཐེར་རེར་ཡོད། ལོ་མང་པོར་སྐྱེ་ཁམས་གསོ་འཁྱོངས་དང་སྔོ་ལྗང་སླར་གསོ་བྱས་པ་བརྒྱུད། ད་ཆ་དབྱར་ཁ་བསླེབས་ན་ཟི་ལིང་གི་ལྷོ་རི་དང་བྱང་རིར་ཧ་ཅང་སྐྱིད་པོ་ཡོད། ཟླ་བདུན་པ་ནི་མཚོ་སྔོན་པོ་མཛེས་ཤོས་ཀྱི་དུས་ཚིགས་ཡིན་ཏེ། གཡུ་མདོག་གི་མཚོ་མོ་དང་། གསེར་མདོག་གི་པད་ཁའི་མེ་ཏོག མཚལ་མདོག་གི་རྐང་འཁོར་འགྲན་ལམ། ལྗང་མདོག་གི་རི་རྒྱུད་སོགས་ནི་ལྟ་བས་མི་ངོམ་པའི་མིག་གི་དགའ་སྟོན་གཟབ་རྒྱས་ཤིག་ཡིན”ཞེས་ཧྲེན་ཐེ་ཅུན་གྱིས་བཤད། གཞན་ཡང་། མཚོ་སྔོན་པོའི་ཆུ་ཁོངས་ལོ་20ལྷག་ལ་བསྟུད་མར་ཆེ་རུ་དང་ཆུའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ནས་སྐབས་ཤིག་རིང་སྟོངས་གྲབས་བྱས་པའི་མཚོ་སྔོན་པོའི་ཙོང་ཉ་ཡང་ལྡབ་44འཕར་ཡོད་པ་རེད།
མང་ཚོགས་ཞུགས་མཁན་མང་དུ་གཏོང་ཆེད། མཚོ་སྔོན་སྐོར་བའི་འགྲན་བསྡུར་དེ“འགྲན་དུས”སུ་རིམ་སྤོར་བྱས་ཡོད། “ང་ཚོས་འགྲན་དོན་མ་ལག་ཕུན་སུམ་ཚོགས་སུ་བཏང་ནས། སློབ་ཆེན་སློབ་མའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དང་ནུས་གསར་རླངས་འཁོར་འགྲན་བསྡུར་སོཌ་གཉེར་གྱི་ཡོད་པ་མ་ཟད། རྨ་ཆུ་མྱུར་བརྒལ་གྱི་ལས་ཞོར་འགྲན་སློང་འགྲན་བསྡུར་དང་། གཡུ་འབྲུག་ལྷ་རྩེའི་རི་འཛེག་འགྲན་བསྡུར། མི་རིགས་ཀྱི་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་སོགས་ཀྱང་གཉེར་ནས་མང་ཚོགས་དེ་བས་མང་པོ་ལུས་རྩལ་ལ་དགའ་པོ་ཡོད་པར་བྱས་ཡོད”ཅེས་ཧྲེན་ཐེ་ཅུན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།