གཞོན་ནུ་དགའ་བའི་རྩེད་འཇོ། ལུས་སེམས་བདེ་བའི་འགྲན་བསྡུར།

འདི་ནི་བོད་ལྗོངས་འགུལ་སྤྲོ་སྤོ་ལོ་ཁང་གི་རྩལ་ཁྲིད་པ་དང་འཐུས་ཚབ་རུ་ཁག་ཡིན་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོར་གནས་པའི་བོད་ལྗོངས་ལྷ་སའི་གཡག་རྒོད་ལག་རྩེད་སྤོ་ལོའི་ཐང་དུ། མི་ཚོགས་ཀྱི་འདུ་འཛི་ཆེ་བ་དང་དགའ་འབོད་ཀྱི་སྒྲ་གང་སར་གྲགས། ཉེ་ཆར། 2026ལོའི་བོད་ལྗོངས་ལྷ་སའི་གཡག་རྒོད་ལུས་རྩལ་ཁང་གི་ལྗོངས་ཡོངས་ཀྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་ལན་ཆིའུ་སྤོ་ལོའི་མཉམ་འགྲན་སྐབས་དང་པོ་དེ་གར་དངོས་སུ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་འཐུས་ཚབ་རུ་ཁག་28མཉམ་དུ་འཛོམས་ཤིང་། ཁོང་ཚོས་ལུས་ལ་ཚོས་གཞི་མི་འདྲ་བའི་ལུས་རྩལ་པའི་གྱོན་གོས་སྣ་ཚོགས་གྱོན་པ་དང་གདོང་ནས་དགའ་སྤྲོ་དང་རེ་སྒུག་གི་ཉམས་འགྱུར་མངོན་པར་གསལ།
འགོ་ཚུགས་མཛད་སྒོའི་སྤོབས་སེམས་འཕེལ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད། འཐུས་ཚབ་རུ་ཁག་རྣམས་རིམ་པ་བཞིན་དུ་སྤོ་ལོའི་ཐང་དུ་འཛུལ་བ་རེད། ལྷ་སའི་འགུལ་སྤྲོ་ལན་ཆིའུ་སྤོ་ལོ་ཁང་གི་འཐུས་ཚབ་རུ་ཁག་གི་རུ་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་རྩལ་ཁྲིད་པ་རྒྱལ་མཚན་ནོར་བུ་ལགས་ཀྱི་སྣེ་ཁྲིད་འོག་གྲལ་སྟར་འགྲིག་པོའི་ངང་དེ་གར་འཛུལ། དེ་ལྟར་རུ་ཁག་གཅིག་ཀྱང་མ་ལུས་པར་སྤོ་ལོའི་ཐང་དུ་འཁོད་པ་ན་གུས་ཉམས་དང་བཅས་སྐར་ལྔའི་དར་དམར་ལ་ཁ་ཕྱོགས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། དེ་རྗེས་ཁྱིམ་བདག་དང་ལྟད་མོ་བ་ཀུན་གྱི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
འགྲན་སྡུར་ཐོག་མ་ནི་ལྷོ་ཁ་རྩེ་གྲ་རུ་ཁག་དང་ཝུ་སི་རུ་ཁག་དབར་བྱས་ཤིང་། ཤན་འབྱེད་པས་ཤུ་སྒྲ་དང་ཆབས་ཅིག་སྤོ་ལོ་མཐོན་པོར་དབྱུགས་ཏེ་འགྲན་སྡུར་གྱི་འགོ་ཚུགས་པ་རེད། རུ་ཁག་གཉིས་ཀྱིས་སོ་སོའི་རྩལ་ནུས་ཡོད་རྒུ་བཏོན་ནས་འདེད་རེས་དང་འགོག་རེས་བྱས་ཏེ་འཇོན་ཐང་ངོམ་པ་དང་། ལྟད་མོ་བའི་དགའ་འབོད་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་སྤོ་ལོ་ར་བར་སྤྲོ་སྐྱིད་དང་ཛ་དྲག་གི་སྣང་བ་ཟབ་མོས་ཁེངས། མཐར་ལྷོ་ཁ་རྩེ་གྲ་རུ་ཁག39:31གི་གྲུབ་འབྲས་ཐོག་ནས་ཝུ་སི་རུ་ཁག་ལས་རྣམ་པར་རྒྱལ་བ་རེད།
“དེང་སང་མི་མང་པོ་ཁ་པར་སོགས་གློག་རྡུལ་ཐོན་རྫས་ལ་དབྱིངས་ཚུད་པ་དང་། ལྷག་པར་དུ་ཕྲུ་གུ་ཚོའི་རང་གཅུན་ནུས་པ་ཞན་པས། ཆུང་དུས་ནས་རྒྱང་སྒྲིབ་མིག་གི་ན་ཚ་ཕོག་མཁན་དང་། ཡང་ན་ཕྱི་རོལ་ཏུ་རྩེད་མོ་རྩེ་རུ་མི་འགྲོ་བར་ནང་ལ་འཛུལ་ནས་རོལ་རྩེད་ཁོ་ནར་མགོ་འཁོར་ཏེ་སྡོད་མཁན་ཕྲུ་གུ་མང་ནས་མང་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་ན་ཕྲུ་གུ་ཚོའི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་པ་འདུག གཟའ་མཇུག་གི་ངལ་གསོའི་རིང་། ངས་རྟག་པར་འགུལ་སྤྲོ་ལུས་རྩལ་ཁང་དུ་ཕྲུ་གུ་སྤོ་ལོ་རྒྱག་ཏུ་འཁྲིད་ཀྱི་ཡོད”ཅེས་ཁྱིམ་བདག་བསོད་ནམས་བདེ་སྐྱིད་ཀྱིས་གསར་འགོད་པར་བརྗོད།
ལྷ་སའི་གཡག་རྒོད་ལུས་རྩལ་ཁང་གི་འགན་འཁུར་བ་རིན་ཆེན་དོན་གྲུབ་ཀྱིས། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་ལག་བསྟར་འཆར་གཞི་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དེ་བཞིན་མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་དེ་ཡུལ་སྐོར་དང་། རིག་གནས། ཚོང་ལས་སོགས་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུ་རང་འགན་དུ་བརྩིས་ནས་ལུས་རྩལ་གྱི་ཤེས་ལྡན་པ་ཕུལ་བྱུང་སྔར་བས་མང་བ་སྐྱེད་སྲིང་བྱ་ཆེད། ད་ལོའི་ཟླ7པའི་ནང་མཉམ་འགྲན་འདི་གཉེར་བ་རེད་ཅེས་གསར་འགོད་པར་བརྗོད་བྱུང་།
མཉམ་འགྲན་དེ་ཉིན་བདུན་གྱི་རིང་རྒྱུན་མཐུད་ནས་བྱ་རྒྱུ་ཡིན་པ་དང་ཁྱོན་འགྲན་སྡུར་ཁག་དྲུག་ཅུ་རེ་བཞི་ཡོད་པ་རེད། ས་མཐོའི་ཡུལ་གྱི་གཞོན་ནུ་འདི་དག་ལ་མཚོན་ན། ཉིན་བདུན་པོ་ནི་ཁོང་ཚོའི་མི་ཚེའི་ནང་གི་བརྗེད་པར་དཀའ་བའི་མྱོང་བརྒྱུད་ཅིག་ཏུ་འགྱུར་ངེས། དེ་ཡང་སྤོ་ལོའི་རྩེད་འཇོ་ཡག་པོ་འདི་ལ་བརྟེན་ནས་གཞོན་ནུ་ཚོས་གཅིག་ཕན་གཅིག་རོགས་དང་། རྒྱུན་འཁྱོངས་ལྷོད་མེད། རྒྱལ་ཕམ་ངོས་ལེན་བཅས་ཀྱི་མི་ཚེའི་གདམས་ངག་མང་པོ་ཞིག་ཀྱང་རྟོགས་པར་གྱུར་ཡོད།
དུས་རབས་གསར་པའི་གངས་ལྗོངས་ས་མཐོར་ལན་ཆིའུ་སྤོ་ལོ་དར་འཕེལ་གྱི་ས་བོན་རབ་ཏུ་རྒྱས་བཞིན་ཡོད་ལ། གཞོན་ནུ་རྣམས་ཀྱི་ཕུགས་འདུན་མེ་ཏོག་ཀྱང་ཁྲ་ཆིལ་ལེར་བཞད་ཀྱིན་མཆིས།
འབྲེལ་ཡོད་གསར་འགྱུར།