དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནུབ་ཁའི་མཚམས་སྤྲིན་དམར་མདངས་བཀྲ ཞོགས་པའི་ཉི་གཞོན་འོད་མདངས་ཆེ།

    —— ཁང་དམར་རྫོང་གི་བདེ་སྐྱིད་སྒོ་རའི་ནང“རྒན་གཅིག་གཞོན་གཅིག”བདེ་སྐྱིད་འཚོ་བར་རོལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-04

    ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་དམངས་འཚོའི་ཐ་སྐྱོང་དང་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བའི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་དང་གྲོང་གསེབ་ཀྱི་འཁྲུད་ཁང་ཆུང་ངུ་སོགས་དམངས་ཕན་ཞབས་ཞུ་སྒྲུབ་ཡུལ་ལ་བརྟེན་ནས“སྙིང་ཉེ་བ་དང་། བློ་གཅིག་སེམས་གཅིག དྲོ་སྐྱིད་སྦྱིན་པ”བཅས་ཀྱི་དང་བླངས་ཞབས་ཞུའི་སྤུས་རྟགས་བཏོད་པ་མ་ཟད། “ཞབས་ཞུ་གསུམ་དང་། འགན་ལེན་གསུམ། རང་སྐྱོང་བྱ་སྤྱོད་གསུམ”བཅས་ལག་ལེན་བསྟར་བས། ཞིང་འབྲོག་ཁུལ་གྱི་རྒན་གསོ་བྱིས་སྐྱོང་གི་འགན་སྲུང་དྲ་བ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་སྟེ། ས་མཐོའི་གྲོང་གསེབ་ཏུ“ནུབ་ཁའི་མཚམས་སྤྲིན་དམར་མདངས་བཀྲ ཞོགས་པའི་ཉི་གཞོན་འོད་མདངས་ཆེ”ཞེས་པ་ལྟར་བྱུང་ཡོད།

    “ཞབས་ཞུ་གསུམ”ཐ་སྐྱོང་གནད་སྨིན་བྱས་པས་བདེ་སྐྱིད་འཚོ་བར་རོལ།

    ལ་ལས་ལས་ཞོར་དུ་ལྟོ་ཆས་ཚ་པོ་མཁོ་འདོན་དང་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། ལ་ལས་གཟའ་མཇུག་ཏུ་ཕྲུ་གུར་སྦྱོང་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད། བྱ་བ་འདི་དག་ཆེན་པོ་དེ་ཙམ་མིན་ཡང་དམངས་སེམས་ལ་ཟུག་པོ་བྱུང་ཡོད། གནས་རྙིང་ཤང་གིས་བྱ་བ་ཞིབ་ཚགས་པོས་སྒྲུབ་པ་ནས་འགོ་བཙུགས་ཏེ“ཞབས་ཞུ་གསུམ”ཡུལ་མིའི་སྒོ་རྩར་བསྒྲུབས་ནས་མང་ཚོགས་ཀྱི་སེམས་པ་དྲོ་བར་བྱས་ཡོད།

    ཤང་གིས“རྒན་གཅིག་གཞོན་གཅིག”གི་བབ་བསྟུན་དོ་དམ་རྩིས་ཁྲ་བཟོས་ཏེ། བགྲེས་སོང་དང་། གཞིས་སྲུང་། གཞིས་ལུས། ནད་གཞི་ལྕི་བའི་རྒན་རྒོན་དང་གཞིས་ལུས་བྱིས་པ་རེ་རེ་བཞིན་ཐོ་བཀོད་དེ་དུས་བཀག་བཞིན་འཚམས་འདྲི་བྱེད་ཀྱི་ཡོད།

    ཏང་ཡོན་དང་བླངས་པ་42“བདེ་སྐྱིད་འབྲེལ་གཏུག་པ”བྱས་ནས་ཆ་སྒྲིག་རོགས་སྐྱོར་ལས་ལ་གཞོལ་ཞིང་། ཁོང་ཚོས་སྒོ་རྩར་བསྐྱོད་དེ་སྨན་བཅོས་འགན་བཅོལ་གྱི་དཔང་ཡིག་བཟོ་རོགས་དང་། རྒན་གསོའི་ཐོ་འགོད་རོགས། སྲིད་ཇུས་བློ་འདྲི་བཅས་བྱས་པས། རྒན་འཁོགས་ཚོ་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱུང་ཡོད།

    “ཞབས་ཞུ་གསུམ”གྱི་དང་བླངས་ཞབས་ཞུའི་རུ་ཁག་གིས་ཏང་ཡོན་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། སློབ་ཆེན་སློབ་མའི་དང་བླངས་པ་བཅས་དང་མཉམ་དུ་སྒོ་རྩར་ལྟོ་ཆས་སྐྱེལ་བ་དང་། སྐྲ་རིན་མེད་བཞར་བ། མཉམ་དུ་སྐྱེས་སྐར་གཏོང་བ། གོས་འཁྲུད་པ། གཙང་སྦྲ་བྱེད་རོགས་བཅས་བྱ་བ་ཆུང་ཙག་རེ་བསྒྲུབས་ནས་དམངས་ལ་དྲོད་ཁོལ་སྦྱིན་ཡོད། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གསར་སྒོ་ཕྱེ་བ་ནས་བཟུང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་4.6ལྷག་ཙམ་ལ་ཞབས་འདེགས་ཞུས་པ་མ་ཟད། གཟའ་མཇུག་ཏུ་སྒོ་རའི་ནང་སློབ་སྦྱོང་དང་རོལ་རྩེད་བྱ་ཡུལ་བཟོས་ནས་ལོ་3ནས་12བར་གྱི་གཞིས་ལུས་བྱིས་པར་དང་བླངས་པས་སློབ་ཚན་ཟུར་ཁྲིད་བྱས་ཏེ་ཁྱིམ་བདག་ཚོ་བློ་བདེ་པོ་ཡོང་བར་བྱས་ཡོད།

    ཁང་དམར་རྫོང་གིས་ཞིང་འབྲོག་ཁུལ་དུ་རྒན་གསོ་བུ་བཅོལ་གྱི་དཀའ་ངལ་ཡོད་པའི་དོན་དངོས་ལ་གཞི་ཚུགས་ནས་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ལོ་ལྟར་བདེ་སྐྱིད་ཁང་གསར་ལ་ཆེད་དོན་འཁོར་རྒྱུག་འགྲོ་གྲོན་སྒོར་ཁྲི་20དོན་འཁྱོལ་བྱས་ནས། སྒྲིག་འཛུགས་དང་། འགྲོ་གྲོན། ཞབས་ཞུ་བཅས་འགན་ལེན་གསུམ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། དེ་ལྟར་ཕུགས་ལ་ཕན་པའི་བཀོད་སྒྲིག་བྱས་པ་དེས་ཞབས་ཞུ་ཡུད་ཙམ་མིན་པར་ཡུན་རིང་མཐའ་འཁྱོལ་ཐུབ་ཡོད།

    “སྔོན་མ་གཟུགས་པོ་མི་བདེ་བ་བྱུང་ཚེ་གཅིག་པུར་སྨན་ཁང་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གསར་དུ་ལྟ་རྟོག་བྱེད་མཁན་ཡོད་པ་མ་ཟད། རིན་པ་སྤྲོད་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་མཁན་ཡང་ཡོད་པས་ང་ཡང་གྲོང་ཁྱེར་བ་བཞིན་འཚོ་བ་སྐྱེལ་རྒྱུ་བྱུང་སོང”ཞེས་ལོ་80ལ་སླེབས་པའི་སྤེན་པ་སྒྲོལ་མས་སེམས་གཏམ་དེ་ལྟར་བཤད།

    “འགྱུར་བ་གསུམ”གྱི་དམིགས་ས་བསྲུངས་པས་བདེ་ཐང་ཐ་སྐྱོང་བྱུང་བ།

    ལོ་ན་མཐོ་བའི་རྒན་རྒོན་ལ་ཐོལ་བྱུང་ནད་བྱུང་ཚེ་ཉེན་ཁ་ཆེན་པོ་རེད། གནས་རྙིང་ཤང་གིས་སྨན་བཅོས་ཞབས་ཞུ་གནད་འཁེལ་དང་། རྒན་གསོའི་ཞབས་ཞུ་གནད་སྨིན། བདེ་ཐང་ལུས་གསོའི་ཞབས་ཞུ་གཞི་གཅིག་ཅན་བཅས་ལ་འགྱུར་རྒྱུར་དམིགས་ནས་བདེ་ཐང་འགན་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

    ཐོན་ཁུངས་བཀོད་སྒྲིག་གནད་སྨིན་ཡོང་བར་བྱས་ཤིང་། བདེ་ཐང་རྩིས་ཁྲར་བརྟེན་ནས་གཟའ་འཁོར་རེའི་གཟའ་ཕུར་བུར་གྲོང་གསེབ་ཀྱི་སྨན་པ་སྨན་ཁང་དུ་རྒྱུན་སྡོད་ཀྱིས་ན་ཚ་ལྟ་བ་དང་། རྒྱུན་གཏན་ཅན་གྱི་སྐོར་སྐྱོད་སྨན་བཅོས། སྒོ་རྩར་བསྐྱོད་ནས་སྨན་བཅོས། གཟུགས་པོར་བརྟག་དཔྱད། སྨན་སྤྲོད་པ་བཅས་ཀྱི་བྱ་བ་བཀོད་སྒྲིག་བྱས་ཡོད།

    གནད་སྨིན་གྱི་རིག་ནུས་ལ་བརྟེན་ནས་ལྟ་རྟོག་བྱས་ཤིང་། ཁེར་རྐྱང་དུ་སྡོད་མཁན་རྒན་རྒོན་ལ་ལྟ་རྟོག་དཀའ་བའི་དཀའ་ངལ་སེལ་ཆེད། ཤང་གིས་ཁེར་རྐྱང་དུ་སྡོད་མཁན་རྒན་རྒོན་15ལ་ཁྲག་ཤེད་ལྟ་ཆས་དང་ཉེན་བརྡ་གཏོང་ཆས་གོ་ཉིས་ཆོད་ཀྱི་རིག་ནུས་ལག་དཀྲིས་བསྒར་ཡོད།

    གཞི་གཅིག་ཅན་གྱི་ལུས་གསོའི་ཞབས་ཞུ་བསྒྲུབས་ཤིང་། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གསར་གྱི་སྒོ་རའི་ནང་གསོ་རླུང་རྔུབ་པ་དང་། འཕུར་མཉེད་གཏོང་བ། གཟུགས་པོར་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་ལ། ད་དུང་རྒྱུན་གཏན་གྱི་བོད་ལུགས་གསོ་རིག་གི་ལུས་གསོའི་ལུས་རྩལ་རྩེ་བ་དང་། སྒོར་གཞས་རྒྱག་པ། མིག་མངས་རྩེ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྒོ་རའི་ནང་དེ་གའི་མ་བྱན་གྱིས་ལྟོ་ཆས་བཟོ་ཞོར་གཙང་སྦྲ་བྱེད་པ་དང་སྦྲགས་གྲོང་གསེབ་ཀྱི་སྨན་པ་དང་སྨན་གཡོག་དང་མཉམ་དུ་སྨན་ཁང་ལ་ཞབས་ཞུ་བསྒྲུབས་པས། བདེ་ཐང་ལུས་གསོའི་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ལ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    “བྱ་སྤྱོད་གསུམ”ལ་མཐུན་རྐྱེན་སྦྱར་བས“དབུ་དཀར”གྱི་ནུས་ཤུགས་ལྷག་མ་འདོན་ཐུབ་པ་བྱུང་བ།

    གནས་རྙིང་ཤང་གིས་བདེ་སྐྱིད་ཁང་གསར་ལ་བརྟེན་ནས་རྒན་རྒོན་ལྔའི་མཐུན་ཚོགས་བཙུགས་ཏེ“རྒན་རྒོན་གྱིས་ཁྱིམ་ཚང་སྐྱོང་བ་དང་། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་བྱེད་པ། མ་སྐུལ་དང་བླངས་བྱེད་པ”བཅས་ཀྱི་བྱ་སྤྱོད་གསུམ་སྤེལ་བ་རེད།

    མཐུན་ཚོགས་དེས་དུས་བཀག་ནང་རྒན་རྒོན་གྱི་བསམ་འཆར་དང་གྲོས་འགོ་བསྡུས་ཏེ་བཟའ་བཏུང་དང་། བྱེད་སྒོ རྒྱུན་གཏན་གྱི་དོ་དམ་བཅས་ལ་ལྟ་སྐུལ་བྱས་ནས་ཞབས་ཞུ་བྱེད་སྟངས་དུས་ཐོག་ཏུ་ལེགས་སུ་གཏོང་གི་ཡོད་པ་རེད། “དབུ་དཀར་དང་བླངས་པས”རྐང་ལག་ཐང་པོ་མེད་པའི་རྒན་རྒོན་ལ་རང་འགུལ་ངང་བསུ་སྐྱེལ་དང་ལྟ་སྐྱོང་བྱས་ནས་རྐུབ་སྟེགས་འཁོར་ལོ་དང་གསོ་རླུང་མཁོ་འདོན་བྱས་པ་མ་ཟད། ལྟོ་ཆས་སྟེར་རོགས་ཀྱང་བྱས་ནས་ཞབས་ཞུའི་ཞན་ཆ་བསལ་ཏེ་དོ་དམ་གྱི་བྱ་ཐབས་མང་ཚོགས་དང་སྔར་བས་འཚམས་པར་བྱས་ཡོད།

    དེ་དང་ཆབས་ཅིག་མཐུན་ཚོགས་ཀྱིས་ད་དུང་རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས། ལོ་ན་གཞོན་པས་རྒན་པར་རོགས་རམ་དང་གཟུགས་གཞི་ཐང་བས་སྐྱོ་བར་རོགས་རམ་བྱེད་པའི་ཆ་སྒྲིག་བྱེད་སྟངས་ཁྱབ་གདལ་བཏང་སྟེ། ཁྱིམ་མཚེས་དབར་གྱི་དོན་ཆུང་འདུམ་འགྲིག་དང་རྒྱུན་གཏན་གྱི་འགལ་ཟླ་སེལ་རྒྱུར་སྣེ་ཁྲིད་བྱས་ཡོད།

    གཞན་ཡང་། ཤང་གིས་ད་དུང“དབུ་དཀར་འཇོན་ཐང་ཅན”མཐིལ་རྟོགས་གྲལ་བཤེར་བྱས་ནས་དང་བླངས་ཞབས་ཞུ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ། སྲིད་ཞུགས་སྲིད་གླེང་། ཉམས་བཟང་སྟོན་པ་སོགས་ཀྱི་ལས་སྟེགས་བཏོད་ཡོད། ཉམས་མྱོང་ཟབ་མོ་དང་། སྙན་གྲགས་ཆེ་བ། མང་ཚོགས་དང་འབྲེལ་འདྲིས་ཟབ་པ་་བཅས་ཀྱི་རྒན་རྒོན་ཚོའི་ལེགས་ཆ་བཏོན་ནས་སྨན་བཅོས་འགན་བཅོལ་གྱི་རྒན་གསོའི་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད།

    ལོ་73ལ་སླེབས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ངག་དབང་གིས“དུས་རྒྱུན་ང་ཚོས་གཟུགས་པོ་སྐྱོ་བའི་རྒན་རྒོན་ལ་ལྟ་རྟོག་བྱེད་པ་དང་། རིག་གནས་རོལ་རྩེད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ། དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བཅས་བྱེད་ཀྱི་ཡོད་པས། ཡུལ་མི་ཚོར་ཞབས་འདེགས་ཡག་པོ་ཞུ་ཐུབ་ན་དངོས་གནས་སྐྱིད་པོ་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།