བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཟླ་8ཚེས་15ཉིན་འགོ་འཛུགས་རྒྱུ་ཡིན་པ།
ཟླ་7ཚེས་31ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཟླ་8ཚེས་15ཉིན་འགོ་འཛུགས་རྒྱུ་དང་ཚེས་22ཉིན་མཇུག་འགྲིལ་རྒྱུ་རེད། ཟླ་8ཚེས་1ཉིན་ནས་བཟུང་། རྣམ་གྲངས་ཁག་གཅིག་འགོ་ཚུགས་མཛད་སྒོའི་གོང་དུ་འགྲན་བསྡུར་བྱེད་འགོ་ཚུགས་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་མཆོང་རྒྱུག་འཕེན་གསུམ་དང་། ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། རྟ་རྩལ་འགྲན་བསྡུར་སོགས་རྣམ་གྲངས་ཆེན་པོ་13དང་རྣམ་གྲངས་ཆུང་ངུ་152བཀོད་སྒྲིག་བྱས་ཡོད་ཅིང་། སྐབས་གོང་མ་དང་བསྡུར་ན་རྣམ་གྲངས་ཆུང་ངུ་53མང་དུ་བཏང་ཡོད་ལ། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དང་། སློབ་གསོའི་ཁོངས་གཏོགས། ལྗོངས་ཐད་གཏོགས་ལས་ཁུངས་སོགས་ནས་ཡོང་བའི་འཐུས་མི་ཚོགས་པ་9ཡི་ལུས་རྩལ་པ་1372འགྲན་བསྡུར་ལ་ཞུགས་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་མི་རིགས་ཀྱི་རྟ་རྩལ་དང་། གཉའ་ཐག རྡོ་འགྱོག་སོགས་རྩལ་འགྲན་གྱི་རྣམ་གྲངས་ཆེན་པོ་13དང་རྣམ་གྲངས་ཆུང་ངུ་41དང་། འཁྲབ་སྟོན་གྱི་རྣམ་གྲངས་ཆེན་པོ་1 རྩལ་འགྲན་དང་། ཐབས་རྩལ། ཕྱོགས་བསྡུས་སོགས་རྣམ་གྲངས་ཆུང་ངུ་3བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ནས་ཡོང་བའི་འཐུས་མི་ཚོགས་པའི་ལུས་རྩལ་པ་547འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།