སྡེ་ཚན་གཉིས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡ་དམར་པོ་བཏང་བ།
ཟླ་7ཚེས་31ཉིན་གྱི་ཆུ་ཚོད་18པ་ཙམ་ལ། ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡ་དམར་པོ་བཏང་བ་རེད། སྔོན་དཔག་ལྟར་ན། ཟླ་7ཚེས་31ཉིན་གྱི་ཆུ་ཚོད་20པ་ནས་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་20པའི་བར་དུ། ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། སི་ཁྲོན་གྱི་དབུས་རྒྱུད་དང་ཤར་བྱང་རྒྱུད། ཧྲའན་ཤིས་ཀྱི་ལྷོ་ནུབ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ཏུ་ཆུ་ལོག་གནོད་འཚེ་ཐོན་ཉེན་ཆེ་བ(སྔོན་ཚུད་ཉེན་བརྡ་ལི་མདོག)དང་། དེའི་ནང་ཧེ་ལུང་ཅང་གི་ལྷོ་རྒྱུད་དང་། སི་ཁྲོན་གྱི་ཤར་བྱང་རྒྱུད། ཧྲའན་ཤིས་ཀྱི་ལྷོ་ནུབ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ཏུ་ཆུ་ལོག་གནོད་འཚེ་ཐོན་ཉེན་ཧ་ཅང་ཆེན་པོ་ཡོད(སྔོན་ཚུད་ཉེན་བརྡ་དམར་པོ)པ་རེད།
གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་31ཉིན་གྱི་སྔ་དྲོར། ཆུ་བེད་པུའུ་ཡིས་ཧོ་པེ་དང་། ཧྲན་ཤིས། ནང་སོག ཧེ་ལུང་ཅང་། ཀོང་ཏུང་། ཀོང་ཤིས། སི་ཁྲོན། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་12ལ“ཞིང་ཆེན་རེར་མིང་ཐོ་རེ”ཡི་དམིགས་གཏད་སྔོན་ཚུད་ཉེན་བརྡ་བཏང་ནས། ཆར་པ་ཆེན་པོ་འབབ་པའི་ཁྱབ་ཁོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོ་དང་། ཆུ་མཛོད་ཀྱི་མིང་ཐོ། ཆུ་ལོག་གནོད་འཚེའི་ཉེན་ཁའི་ས་ཁོངས་དང་གནས་ཡུལ་བརྡ་ཁྱབ་བཏང་ནས། ཆུ་མཛོད་དང་ཆུ་རགས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་ཐུབ་པ་དང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་། དེ་བཞིན་ཆུ་ལོག་གནོད་འཚེ་འགོག་སྲུང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།
ཟླ་7ཚེས་31ཉིན། ཆུ་བེད་པུས་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཏེ་ཆུ་བེད་པུའི་འབྲི་ཆུ་དང་། རྨ་ཆུ། ཝེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ། ཀྲུའུ་ཅང་གཙང་པོ། སུང་ལེའོ་ས་ཆ། ཐའེ་ཧུའུ་མཚེའུ་སོགས་འབབ་རྒྱུད་ཀྱི་དོ་དམ་སྒྲིག་གཞི་དང་བརྙན་ལམ་ནས་འབྲེལ་མཐུད་བྱས་ཏེ་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་འགོག་གི་འགག་རྩའི་དུས་མཚམས་ཀྱི་འབྲུབ་ཆུ་རྒྱས་ཚུལ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་མ་ཟད། འབྲུབ་འགོག་གི་གཙོ་གནད་ལས་དོན་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་ཀྱང་བྱས་པ་རེད།
འཕྲལ་སྡོམ་དོ་དམ་པུའུ་ཡིས་ཟླ་7ཚེས་30ཉིན་ཧྲའན་ཤིས་དང་ཀན་སུའུ་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཡོད། འཕྲལ་སྡོམ་དོ་དམ་པུའུ་ཡིས། ཆར་པ་ཆེན་པོ་འབབ་ཡུལ་གྱིས་ས་གཤིས་གནོད་འཚེར་འགོག་ཟོན་དང་ཁ་གཏད་འཇལ་བའི་ལས་དོན་གང་ལེགས་སྒྲུབ་དགོས་པ་དང་། ས་གནས་ཀྱི་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་པ། མི་སྣ་ཤི་རྨས་མི་ཡོང་བ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།